སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། དེང་རབས་ཞིང་ལས་འཕེལ་རྒྱས་དང་ཞིང་ལས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་དགོས་ན། ངེས་པར་དུ་ཚན་རྩལ་ཡར་ཐོན་ལ་བརྟེན་ནས། ཚན་རྩལ་གྱིས་ཞིང་ལས་དེང་རབས་ཅན་ལ་འཕེལ་རྒྱས་ཀྱི་གཤོག་ཟུང་སྤྲོད་དགོས། ལོ་ལྔའི་འཆར་འགོད་བཅོ་ལྔ་པ་འགོ་བརྩམས་པའི་ལོར། རང་རྒྱལ་གྱི་ཞིང་ལས་ཚན་རྩལ་གསར་གཏོད་ཁྱོན་ཡོངས་ནས་མཐོར་འདེགས་སུ་འགྲོ་བཞིན་ཡོད་པ་མ་ཟད། ཞིང་ལས་དེང་རབས་ཅན་གྱི་གོམ་སྟབས་མུ་མཐུད་དུ་ཇེ་མགྱོགས་སུ་འགྲོ་བཞིན་ཡོད།
ད་ལོར་འགོ་བརྩམས་པའི་ཚུན་ལ། རང་རྒྱལ་གྱི་ཞིང་ལས་ཚན་རྩལ་གསར་གཏོད་ཀྱི་གྲུབ་འབྲས་མགྱོགས་མྱུར་ངང་མངོན་ཡོད། འཛམ་གླིང་སྟེང་ཆེས་ཆེ་བའི་རིག་ལྡན་གསོ་སྤེལ་བཟོ་གྲྭའི་གྲུ་གཟིངས་སྟེ“ཀའོ་ཞིན་ཨང་རྟགས་དང་པོ”རིགས་ཀྱིས་གྲུ་གསུམ་མཉམ་འགུལ་མངོན་འགྱུར་བྱས་པ་དང་། ལོ་རེར་ཉ་སེར་ཆེན་དང་སན་ཝུན་ཉ་སོགས་སྤུས་ལེགས་མཚོ་ཆུའི་ཉ་ཏུན་ཆིག་འབུམ་སུམ་ཁྲི་ཐོན་སྐྱེད་བྱེད་ཐུབ། ཧྭ་ནན་གྱི“ཧྥུའུ་ཞི་ཞིང་རའི་དཔེ་སྟོན་ས་ཁུལ”ཐོག་མ་ཀོང་ཏུང་དུ་དོན་འཁྱོལ་བྱས་ནས། མཐའ་འཁོར་གྱི་ཞིང་ས་མུའུ་ཁྲི5ཡི་རིག་ལྡན་ཅན་གྱི་སྒྱུར་བཀོད་ལ་སྣེ་ཁྲིད་བྱས། ཞིང་ལས་མུ་ཕྲེང་ཡོངས་ཀྱི་དཔེ་དབྱིབས་ཆེན་པོ“རང་བྱུང་ཆ་རྐྱེན་དང་མི་ཐབས་ལག་རྩལ”དེ་གསུམ་ཚེག་ཐིག་གི་པར་གཞིའི་ཚད་ལེན་ཚོད་ལྟར་རིམ་སྤོར་བྱས་ཡོད་པས། དེང་རབས་ཚན་རྩལ་ལ་བརྟེན་ནས“ཞིང་ལས་ཀྱི་མ་འོངས་བ”བཏོད། ཞིང་ལས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་ན། ཆེས་ལེགས་པའི་མཚོན་ཆ་ནི་ཚན་རྩལ་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ང་ཚོར་ཐོན་ཁུངས་དེ་འདྲ་མང་པོ་མེད་པ་མ་ཟད། གཞི་ཁྱོན་ཆེ་བའི་ཁྲོམ་རའི་ཞིང་ལས་ཐོན་རྫས་ཐད་ཀྱི་དགོས་མཁོ་མུ་མཐུད་དུ་ཆེ་རུ་འགྲོ་བཞིན་ཡོད། ད་ལྟ་སྔོན་ཆད་ཀྱི་དུས་སྐབས་གང་རུང་ཞིག་ལས་ཀྱང་ཞིང་ལས་ཚན་རྩལ་གསར་གཏོད་ལ་མཐོང་ཆེན་དང་རྒྱབ་བརྟེན་ཡོད་པས། མི་འདང་ས་ཁ་གསབ་བྱེད་དགོས་པ་མ་ཟད། རྗེས་ཐོན་གྱི་དགེ་མཚན་འདོན་སྤེལ་དང་“སྔར་ལས་མགྱོགས་པའི་ཚན་རྩལ་གསར་བ”མངོན་འགྱུར་བྱེད་དགོས། རིམ་པ་མི་འདྲ་བ་གསལ་འབྱེད་དང་ལས་བགོས་མཉམ་ལས། འགྲན་རྩོད་འོས་འཚམ་བཅས་ཀྱི་ཞིང་ལས་ཚན་རྩལ་གསར་གཏོད་མ་ལག་སྒྲིག་འཛུགས་བྱ་དགོས། ཞིང་ལས་ཀྱི་འགག་རྩའི་ལྟེ་བའི་ལག་རྩལ་འགག་སྒྲོལ་ལ་སྐུལ་འདེད་གཏོང་བ་དང་གྲུབ་འབྲས་ཚུལ་སྒྱུར་ཇེ་མགྱོགས་སུ་གཏོང་བའི་བར། སྤྱི་ཁྱབ་ཧྲུའུ་ཅི་ཡིས་ཆུ་ཚད་མཐོ་བའི་ཞིང་ལས་ཚན་རྩལ་གྱི་རང་ཚུགས་རང་སྟོབས་མགྱོགས་མྱུར་ངང་མངོན་འགྱུར་བྱེད་པར་སྣེ་ཁྲིད་དང་སྐུལ་འདེད་བཏང་།
རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་སྤྱི་ཁོག་དཔལ་འབྱོར་ཞིབ་འཇུག་གླིང་གི་ཞིབ་འཇུག་པ་ཐུའུ་ཧྲིན་ཝུའེ་ཡིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞིང་ལས་ཚན་རྩལ་གསར་གཏོད་ལ་ཚད་མཐོའི་མཐོང་ཆེན་གནང་སྟེ། ཞིང་ལས་ཚན་རྩལ་གསར་གཏོད་བྱ་རྒྱུ་དེ་སྔར་ལས་འབུར་ཐོན་གྱི་གོ་གནས་སུ་འཇོག་དགོས་ཞེས་ནན་གྱིས་བསྟན། སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་རབ་དང་རིམ་པའི་འོག རང་རྒྱལ་གྱི་ཞིང་ལས་ཁྱབ་ཁོངས་ཀྱི་རང་བདག་གསར་གཏོད་བྱེད་ནུས་མུ་མཐུད་དུ་ཆེ་རུ་ཕྱིན་ཡོད་པ་དང་། ཞིང་ལས་ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་སྔར་ལས་དམ་དུ་སྦྲེལ་ཡོད། ཞིང་ལས་ཚན་རྩལ་གསར་གཏོད་གྲུབ་འབྲས་ཀྱི་ཉེར་སྤྱོད་རྣམ་པ་མུ་མཐུད་དུ་ཕུན་སུམ་ཇེ་ཚོགས་དང་རྒྱ་བསྐྱེད་དུ་བཏང་ཡོད་པས། རང་རྒྱལ་གྱི་ཞིང་ལས་ངལ་རྩོལ་ཐོན་སྐྱེད་ལས་ཕྱོད་དང་ཚན་རྩལ་ཡར་ཐོན་གྱི་བྱས་རྗེས་འཇོག་ཚད་མངོན་གསལ་གྱིས་མཐོ་རུ་སོང་ཡོད།
ད་ལྟ། རང་རྒྱལ་གྱི་ཞིང་ལས་ཚན་རྩལ་ཡར་ཐོན་གྱི་བྱས་རྗེས་འཇོག་ཚད64%ལས་བརྒལ་ཡོད་པ་དང་། ཞིང་ལས་ལོ་ཏོག་གི་སོན་བཟང་ཁྱབ་ཚད96%ལས་བརྒལ་ཡོད། ཞིང་ལས་ལོ་ཏོག་འདེབས་བསྡུ་ཕྱོགས་བསྡུས་འཕྲུལ་ཆས་ཅན་དུ་འགྱུར་ཚད76.7%དུ་སླེབས་ཡོད་ལ། ཞིང་ལས་ཚན་རྩལ་ཐད་སྟོབས་ཤུགས་གསོག་འཇོག་གི་འཕེལ་ཕྱོགས་མངོན་ཡོད། དུག་འགག་རང་བཞིན་ལྡན་པའི་གྲོ་དང་ཧྭ་ཞི་བ་གླང་སོགས་ཐོལ་བརྒལ་རང་བཞིན་གྱི་རིགས་སྣ་གསར་པ་ཁག་ཅིག་གཅིག་རྗེས་གཉིས་མཐུད་དུ་ཐོན་ཡོད། ཞིང་ལས་སྐོར་གྱི་མི་མེད་གནམ་གྲུ་འབུམ་གསུམ་ལྷག་ཡོད་པ་དང་གྲངས་འབོར་འཛམ་གླིང་གི་ཨང་དང་པོར་སླེབས་ཡོད། རིག་ནུས་འཚོལ་བསྡུ་འཕྲུལ་མི་སོགས་རིག་ནུས་སྒྲིག་ཆས་སྣ་ཚོགས་ཀྱིས་ཞིང་ལས་ཐོན་སྐྱེད་ཁྲོད་ནུས་ཤུགས་གང་ཡོད་བཏོན་ཡོད་པ་དང་། ནུས་ཁུངས་གསར་པའི་ཞིང་འཕྲུལ་བཀོལ་སྤྱོད་བྱེད་འགོ་བརྩམས། ཞིང་ལས་སྐྱེ་དངོས་བཟོ་སྐྲུན་ཐད་གསར་གཏོད་ཐོལ་བརྒལ་བྱུང་ཡོད་ལ། རིག་ལྡན་ཞིང་ལས་ཀྱི་དཔེ་དབྱིབས་ཆེན་པོ་མུ་མཐུད་དུ་རིམ་སྤོར་བྱེད་ཀྱིན་ཡོད།
“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འཆར་འགོད་ཀྱི་རྩ་གནད་ནང་ཞིང་ལས་ཚན་རྩལ་དང་སྒྲིག་ཆས་ཀྱི་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་ཐད་བཀོད་སྒྲིག་གསལ་བོ་བྱས་ཏེ། ས་བོན་ལས་རིགས་དར་རྒྱས་ཀྱི་འགུལ་སྐྱོད་ལག་བསྟར་གཏིང་ཟབ་བྱེད་དགོས་པ་དང་། ཞིང་འཕྲུལ་སྒྲིག་ཆས་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགུལ་སྐྱོད་ལག་བསྟར་བྱེད་དགོས། 2030ལོའི་བར། ཞིང་ལས་ལོ་ཏོག་འདེབས་བསྡུ་ཕྱོགས་བསྡུས་འཕྲུལ་ཆས་ཅན་དུ་འགྱུར་ཚད80%ཡན་མཐོ་རུ་བཏང་སྟེ། ཐོལ་བརྒལ་རང་བཞིན་གྱི་ས་བོན་གཙོ་བོ་གསོ་སྐྱོང་བྱེད་པའི་ཐད་གྲུབ་འབྲས་གསར་བ་ལེན་དགོས། གཙོ་གནད་ལས་འགན་ལ་དམིགས་ནས། དངོས་སྒྲུབ་ཀྱི་བྱེད་ཐབས་རབ་དང་རིམ་པ་དོན་འཁྱོལ་བྱེད་དགོས་ཞེས་བཏོན་ཡོད།
ད་ལོར། རང་རྒྱལ་གྱིས་གསར་གཏོད་ཐོན་ཁུངས་ཁེ་ལས་སུ་གཅིག་སྡུད་བྱ་རྒྱུར་སྐུལ་འདེད་བཏང་ནས། ཁེ་ལས་ཀྱིས་སྣེ་ཁྲིད་དེ་གསར་གཏོད་མཉམ་འབྲེལ་སྒྲིག་གཞི་འཛུགས་པ་དང་རྒྱལ་ཁབ་ཀྱི་ཚན་རྩལ་འགག་སྒྲོལ་ལས་འགན་སྔར་ལས་མང་པོ་འཁུར་རྒྱུར་རྒྱབ་སྐྱོར་དང་། རྒྱལ་ཁབ་ཀྱི་ཚན་རྩལ་རྣམ་གྲངས་གལ་ཆེན་ལ་རྒྱབ་སྐྱོར་བྱས་པའི་འོག རི་མ་ཐང་དུ་ལས་ཀ་བྱེད་པར་འཚམ་པའི་འདྲུད་འཐེན་འཕྲུལ་འཁོར་དང་སོན་འདེབས་འཕྲུལ་འཁོར་སོགས་འཕྲུལ་ཆས་སྣ་ཁ63གཏན་འཁེལ་ལྟར་ཐོན་སྐྱེད་བྱེད་རྒྱུ་རེད།
ད་ལོར། རང་རྒྱལ་གྱིས་རིག་ལྡན་ཞིང་ལས་བཀོལ་སྤྱོད་རྣམ་པ་རྒྱ་ཆེར་གཏོང་བ་དང་། མི་ཐབས་རིག་ནུས་དང་ཞིང་ལས་འགུལ་སྐྱོད་སྤེལ་ཏེ། ལག་རྩལ་གསར་གཏོད་དང་ས་ཞིང་བཀོལ་སྤྱོད། ཐོན་ལས་སྐྱེ་ཁམས་འཛུགས་སྐྲུན་བཅས་ལ་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་གཏོང་རྒྱུ་རེད།
ཀྲུང་གོ་ཞིང་ལས་ཚན་རིག་གླིང་གི་རིག་ནུས་རྩིས་ཤུགས་ལས་སྟེགས་སུ་སྒྲོ་དཀར་བྱ་གག་གི་རིགས་རྒྱུད་གསར་པ་བདམས་གསོ་བྱ་བ་མགྱོགས་མྱུར་ངང་སྤེལ་བཞིན་ཡོད་པ་དང་། གཞི་གྲངས་ཆེན་མོ་སྤྱད་དེ་རྒྱུད་རྒྱུ་ལེགས་པོ་སྔོག་འདོན་བྱས་ནས་རྒྱུད་སྤེལ་དུས་ཚོད་20%ཡན་གྱིས་ཇེ་ཐུང་དུ་བཏང་ཡོད།
ད་ལོར་རང་རྒྱལ་གྱིས་ཞིང་ལས་ཚན་རྩལ་གྱི་གྲུབ་འབྲས་སྨིན་འགྱུར་དང་ཚུལ་སྒྱུར་བྱེད་པ་ཇེ་མགྱོགས་སུ་བཏང་ནས་ཞིང་ལས་ཚན་རྩལ་གྱི་ཚོད་ལྟའི་དཔང་ཡིག་གི་ལས་སྟེགས་ཁག་གཅིག་བཀོད་སྒྲིག་བྱ་རྒྱུ་རེད། རྒྱལ་ཁབ་ཀྱི་ཞིང་ལས་མཐོ་གསར་ལག་རྩལ་ཐོན་ལས་དཔེ་སྟོན་ཁུལ9ལ་བརྟེན་ནས་ཞིང་ལས་ཀྱི་སྤུས་གསར་ཐོན་སྐྱེད་ནུས་ཤུགས་སྣེ་ཁྲིད་ཁུལ་བསྐྲུན་རྒྱུ་ཡིན་པ་དང་། ཞིང་ལས་ཀྱི་སྣེ་ཁྲིད་རང་བཞིན་གྱི་ལག་རྩལ་གལ་ཆེན་ཁག14དང་། གཙོ་ཁྲིད་རིགས་སྣ་དང་གཙོ་སྤེལ་ལག་རྩལ་ཁག300བཅས་འོས་སྦྱོར་དང་ཁྱབ་བསྒྲགས་བྱས་ནས། འབྲུ་རིགས་དང་ཞིང་ལས་ཐོན་རྫས་གལ་ཆེན་བརྟན་བརླིང་དང་བདེ་འཇགས་ངང་འདོན་སྤྲོད་བྱེད་པར་གདམ་གསེས་བྱ་ཆོག་ལ། ཆེད་བཟོའི་ལག་རྩལ་གསལ་ཁྲ་དང་ཕྱོགས་བསྡུས་ཀྱི་ཐག་གཅོད་ཇུས་གཞི་འདོན་སྤྲོད་བྱ་རྒྱུ་རེད།
ཞིང་ལས་ཞིང་སྡེ་པུའུ་ཚན་རིག་ལག་རྩལ་སི་ཡི་སི་ཀྲང་གཞོན་པ་ཀྲང་ཀྲེན་ཧྭ་ཡིས་བཤད་རྒྱུར། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་སྐབས་སུ། ང་ཚོས“ཁ་ཕྱོགས་བཞི”ལ་རྐང་ཚུགས་པ་རྒྱུན་འཁྱོངས་བྱས་ཏེ། ཚན་རིག་ཞིབ་འཇུག་ལས་ཁུངས་ཀྱི་སྟོབས་ཤུགས་ཆེར་བསྐྱེད་དང་། “ཞིང་ལས་ཚན་རྩལ་ཁེ་ལས་ཁྲི་སྟོང་མང་པོ་གསོ་སྐྱོང་བྱེད་པའི་ལས་གཞི་ལག་བསྟར་གཏིང་ཟབ་བྱས་ཏེ། སྒྲིག་འཛུགས་ཡོད་པའི་ཚན་རིག་ཞིབ་འཇུག་དང་མ་ལག་ཅན་གྱི་འགག་སྒྲོལ་བྱེད་ཤུགས་ཆེ་རུ་གཏོང་བ། ལྟེ་བའི་ས་བོན་གྱི་འབྱུང་ཁུངས་དང་། ཞིང་ལས་འཕྲུལ་ཆས་ཀྱི་སྒྲིག་ཆས། རྨོ་ཞིང་གི་ཆུ་གྲོན་ཆུང་སོགས་ཁྱབ་ཁོངས་སོ་སོར་གྲུབ་འབྲས་གལ་ཆེན་ལེན་པར་ཤུགས་སྣོན་པ། ཞིང་ལས་ཀྱི་ལག་རྩལ་གསར་པ་དང་ཐོན་རྫས་གསར་པ། ཡུལ་རྣམ་གསར་པ་གཞི་ཁྱོན་ཆེན་པོས་བཀོལ་སྤྱོད་བྱེད་པ་དང་། ཞིང་ལས་ཚན་རྩལ་གྱི་གྲུབ་འབྲས་དོན་འཁྱོལ་དང་། ཞིང་ལས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་ཚན་རྩལ་གྱི་འདེགས་སྐྱོར་ཇེ་དྲག་ཏུ་གཏོང་རྒྱུ་ཡིན་ཟེར།
“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”དུས་སྐབས་སུ། གྲངས་འཛིན་རྨང་གཞིའི་སྒྲིག་བཀོད་རྒྱུན་མཐུད་ངང་འཐུས་ཚང་དང་ལྟེ་བའི་ལག་རྩལ་སྒྲིག་ཆས་རིམ་སྤོར་བྱུང་བ་དང་བསྟུན་ནས་རང་རྒྱལ་གྱི་ཞིང་ལས་ཐོན་སྐྱེད་དེ“ཉམས་མྱོང་ལ་བརྟེན་ནས་ཞིང་འདེབས་པ”ནས“གཞི་གྲངས་ལ་བརྟེན་ནས་ཞིང་འདེབས་པའི”བར་འགྱུར་ལྡོག་བཏང་སྟེ། གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་གཏོང་བར་སྐུལ་འདེད་དང་ཞིང་ལས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་འདེགས་སྐྱོར་ནུས་ལྡན་འདོན་སྤྲོད་བྱ་རྒྱུ་རེད།