ཝུའུ་ཞའོ་ཅུན་དང་ལུའོ་ཏུང་ཁྲོན་གྱིས་མོ་ཙམ་པི་ཁེའི་སྲིད་འཛིན་ཁྲ་པའོ་སོགས་ལ་ཐུག་འཕྲད་བྱས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

 

ཟླ4པའི་ཚེས19ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝུའུ་ཞའོ་ཅུན་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལུའོ་ཏུང་ཁྲོན་གྱིས་ཟི་ལིང་དུ་མོ་ཙམ་པི་ཁེ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ཏན་ཉི་ཨར·ཧྥུའུ་ལང་ཞི་སི་ཁི·ཁྲ་པའོ་སོགས་ལ་ཐུག་འཕྲད་བྱས།

ཝུའུ་ཞའོ་ཅུན་དང་ལུའོ་ཏུང་ཁྲོན་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས་སྲིད་འཛིན་ཁྲ་པའོ་སོགས་འཚམས་འདྲིར་ཡོང་བར་དགའ་བསུ་ཞུས་པར་མ་ཟད་མཚོ་སྔོན་ཞིང་ཆེན་གྱི་གནས་ཚུལ་ངོ་སྤྲོད་མདོར་བསྡུས་བྱས། ཁོ་ཚོས་བཤད་རྒྱུར། ཀྲུང་གོ་དང་མོ་ཙམ་པི་ཁེའི་བར་ཕྱོགས་ཡོངས་ཀྱི་འཐབ་ཇུབ་མཉམ་ལས་གྲོགས་པོའི་འབྲེལ་བ་བཙུགས་ནས་ལོ་ངོ་བཅུ་འཁོར་བའི་སྐབས་འདིར། སྲིད་འཛིན་ཁྲ་པའོ་མཚོ་སྔོན་དུ་འཚམས་འདྲིར་ཡོང་ནས། ཀྲུང་གོ་དང་མོ་ཙམ་པི་ཁེའི་ས་གནས་བར་གྱི་དངོས་གཉེར་མཉམ་ལས་ཐད་གོ་སྐབས་གསར་པ་འདོན་སྤྲོད་བྱས། མཚོ་སྔོན་གྱིས་ཀྲུའུ་ཞི་ཞི་ཅིན་ཕིང་དང་སྲིད་འཛིན་ཁྲ་པའོ་བར་གྱི་ཐུན་མོང་གི་ངོས་འཛིན་གལ་ཆེན་ནན་ཏན་གྱིས་དངོས་འབེབས་བྱེད་པ་དང་། མོ་ཙམ་པི་ཁེ་ཕྱོགས་དང་མཉམ་དུ་སྐྱེ་ཁམས་སྲུང་སྐྱོབ་དང་ལྗང་མདོག་འཕེལ་རྒྱས། དངུལ་གཏོང་ཉོ་ཚོང་། མི་གཞུང་བརྗེ་རེས་སོགས་ཀྱི་ཕྱོགས་ནས་བརྗེ་རེས་མཉམ་ལས་ལ་ཤུགས་བསྣན་ནས། རྒྱལ་ཁབ་གཉིས་ཀྱི་མཛའ་བརྩེ་ཇེ་ཟབ་དང་། དུས་རབས་གསར་པའི་དུས་རྣམ་ཀུན་གྱི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ལས་སྐལ་གཅིག་མཐུན་ཚོགས་པ་མཉམ་དུ་བསྐྲུན་ཆེད་མཚོ་སྔོན་གྱི་སྟོབས་ཤུགས་འབུལ་རྒྱུ་ཡིན།

ཁྲ་པའོ་ཡིས་མཚོ་སྔོན་གྱིས་སྤྲོ་སེམས་འཁོལ་བའི་ངང་སྣེ་ལེན་བྱས་པར་ལྷག་བསམ་རྣམ་དག་གིས་བཀའ་དྲིན་ཞུས་པ་དང་། མཚོ་སྔོན་གྱིས་རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོར་བཙུགས་པ་དང་ལག་དུ་བསྟར་ནས། སྐྱེ་ཁམས་སྲུང་སྐྱོབ་དང་དག་གཙང་ནུས་ཁུངས། དབུལ་པོ་ཉུང་གཏོང་དང་དབུལ་ཐར། ཁྱད་ལྡན་ཐོན་ལས་སོགས་ཀྱི་ཐད་ནས་འཕེལ་རྒྱས་གྲུབ་འབྲས་བླངས་པར་ཤུགས་རྐྱེན་ཟབ་མོ་བཞག་ཡོད་པས། མཚོ་སྔོན་དང་མཉམ་དུ་ལག་རྡང་སྦྲེལ་ནས་ཐོན་ཁུངས་གསར་སྤེལ་དང་ནུས་ཁུངས་ཚུལ་སྒྱུར། དེང་རབས་ཞིང་ལས། རྨང་གཞིའི་སྒྲིག་བཀོད། རིག་གནས་སློབ་གསོ་སོགས་ཁྱབ་ཁོངས་ཀྱི་བརྗེ་རེས་མཉམ་ལས་ཟབ་སྤེལ་བྱེད་པ་དང་། མཚོ་སྔོན་གྱི་ཁེ་ལས་མོ་ཙམ་པི་ཁེར་ཡོང་ནས་དངུལ་གཏོང་ལས་དར་བྱེད་པར་དགའ་བསུ་ཞུས་ཏེ། སྔར་ལས་འོད་སྟོང་འབར་བའི་མ་འོངས་པ་མཉམ་དུ་བསྐྲུན་རྒྱུའི་རེ་བ་བཅངས་ཡོད།

མཚོ་སྔོན་དུ་འཚམས་འདྲི་བྱེད་སྐབས། ཁྲ་པའོ་སོགས་ཀྱིས་མཚོ་ཤར་གྲོང་ཁྱེར་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་པན་ཡན་སྡེ་བ་དང་། མཚོ་སྔོན་ཝེ་སི་ཏོན་སྐྱེ་དངོས་ཚན་རྩལ་ཚད་ཡོད་ཀུང་ཟི། ཀྲུང་གོའི་ཆུ་བེད་ཆུ་གློག་བཟོ་སྐྲུན་ཅུས་བཞི་པའི་ཚད་ཡོད་ཀུང་ཟི། རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་གློག་གསར་སྤེལ་ཚད་ཡོད་ཀུང་ཟི། མཚོ་སྔོན་ཞིང་ཆེན་གྱི་དག་གཙང་ནུས་ཁུངས་དང་ལྗང་མདོག་རྩིས་ནུས་བཀོད་གཏོང་ལྟེ་གནས། ནུབ་རྒྱུད་གཏེར་ལས་སྡེ་ཚོགས་ཚད་ཡོད་ཀུང་ཟི། མཚོ་སྔོན་ཞིང་ཆེན་བུད་མེད་དང་བྱིས་པའི་འཕེལ་རྒྱས་ཞབས་ཞུའི་ལྟེ་གནས། ཟི་ལིང་གྲོང་ཁྱེར་མཁར་ནུབ་ཆུས་ཝུན་ཐིང་སྲང་ལམ་གྱི་སྡེ་ཁུལ། མགོ་ལོག་ཟི་ལིང་མི་རིགས་སློབ་འབྲིང་། མཚོ་སྔོན་ཟངས་ལས་ཚད་ཡོད་འགན་ལེན་ཀུང་ཟི། ཧུའུ་ཀྲུའུ་རྫོང་རྒྱལ་ཁབ་མཐོ་སྒང་དེང་རབས་ཞིང་ལས་ཚན་རྩལ་དཔེ་སྟོན་གླིང་ཁུལ་བཅས་ལ་རྟོག་ཞིབ་བྱས། ཁྲ་པའོ་སོགས་ཀྲུང་གོའི་མཚོ་སྔོན་དང་མོ་ཙམ་པི་ཁེའི་འཕེལ་རྒྱས་དངུལ་གཏོང་སྒོར་ཅོག་ཚོགས་འདུར་ཞུགས།

མོ་ཙམ་པི་ཁེའི་སྲིད་འཛིན་གྱི་ལྕམ་མོ་ཀུའེ་ཐཱ·སའེ་ལའེ་མ་ནེ·ཁྲ་པའོ་དང་། ཕྱི་འབྲེལ་དང་མཉམ་ལས་པུའུ་ཡི་པུའུ་ཀྲང་མ་ལི་ཡ·ལུའུ་ཁཱ་སི། ཀྲུང་གོར་སྡོད་པའི་གཞུང་ཚབ་ཆེན་མོ་མན་ནུའུ་ཨའེ་ཨར·ཀུང་སཱ་ཨར་ཝེ་སི། དེ་མིན་འབྲེལ་ཡོད་སྲིད་གཞུང་སྡེ་ཁག་གི་འགན་འཁུར་མི་སྣ་སོགས་འཚམས་འདྲིར་ཞུགས། མོ་ཙམ་པི་ཁེ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཀྲིན་ཞོན་དང་། ཞིང་ཆེན་གྱི་འགོ་ཁྲིད་ཀྲང་ཅིན་ཀང་དང་ཀྲུའུ་ཞང་ཧྥེང་། ལིའུ་ཐའོ། ཝང་ཞོན་བཅས་འབྲེལ་ཡོད་བྱེད་སྒོར་ཞུགས།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།