མཚོ་སྔོན་དམངས་སྲིད་ཀྱིས་ད་ལོར་དམངས་འཚོའི་དོན་དངོས་གསུམ་ལེགས་པར་བསྒྲུབ་རྒྱུ་རེད།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཉེ་ལམ། གསར་འགོད་པས་མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ད་ལོ་མཚོ་སྔོན་གྱིས“གོང་ལོ་ལོན་དང་ཞོལ་བྱིས་པར”དམིགས་ནས་དམངས་འཚོའི་དོན་དངོས་གསུམ་གཙོ་གནད་དུ་བཟུང་ནས་ཡག་པོ་བསྒྲུབ་རྒྱུ་རེད།

རྒན་གསོའི་སྒྲིག་གཞིས“ཧ་ཅང་སྟབས་བདེ་ངང་སྒྲུབ་རྒྱུ”གཉེར་ནས། དམངས་སྲིད་གཅིག་གྱུར་འཆར་འགོད་དང་སྡེ་ཁག་མཉམ་འགུལ་རྒྱུན་འཁྱོངས་བྱས་ཏེ། རྒན་གསོའི་སྒྲིག་གཞིའི་ཐོ་འགོད་དོན་ཚན་གྱི་ཞིབ་ཐོ་དང་ལས་སྒྲུབ་ཕྱོགས་སྟོན་ཕྱོགས་ཡོངས་ནས་གསེད་བཀྲོལ་བྱས་ནས། “ལས་སྒྲུབ་སྒེའུ་ཁུང་གཅིག་གིས་བདག་སྤྲོད་དང་དཔྱད་གཞི་ཆ་ཚང་གཅིག མཉམ་འབྲེལ་ངང་སྒྲུབ་རྒྱུ། དུས་བཅད་ལྟར་སྒྲུབ་རྒྱུ”བཅས་ཁྱབ་གདལ་བཏང་ནས། སྒྲུབ་རྒྱུའི་དུས་བཅད་ཆེས་ཆེར་ཇེ་ཐུང་དུ་བཏང་བ་དང་སྒྲུབ་རྒྱུའི་མ་རྩ་མངོན་སུམ་ཇེ་དམའ་རུ་བཏང་སྟེ། སྤྱི་ཚོགས་ཀྱི་སྟོབས་ཤུགས་སྔར་ལས་གང་མང་རྒན་གསོའི་ཞབས་ཞུའི་ནང་ཞུགས་རྒྱུར་སྐུལ་སློང་བྱ་རྒྱུ་རེད།

ལོ་ན་མཐོ་བའི་ཁ་གསབ་དངུལ“རེ་ཞུ་མི་དགོས་པར་ལོངས་སུ་སྤྱོད་པའི”དམིགས་འབེན་དང་། དམངས་སྲིད་སྡེ་ཁག་གིས་ཀུན་གྱི་སྣེ་ཁྲིད་དེ་ཐོབ་ཐང་ལ་ཞིབ་བཤེར་བྱས་ནས། སྤྱི་བདེ་དང་འཕྲོད་བསྟེན་བདེ་ཐང་། མི་ཤུགས་དང་སྤྱི་ཚོགས་སྡེ་ཁག་སོགས་སྡེ་ཁག་གི་གཞི་གྲངས་ཐེངས་གཅིག་གིས་བསྡུ་ལེན་དང་ཕྱོགས་མང་པོས་བསྐྱར་སྤྱོད་ཐུབ་པ་བྱས་ནས། 2026ལོའི་ལོ་མཇུག་ཏུ་ལོ70ཡན་གྱི་ལོ་ལོན་གྱིས་ལོ་ན་མཐོ་བའི་ཁ་གསབ་དངུལ་རེ་ཞུ་རྒྱག་མི་དགོས་པར་ཐད་ཀར་ལོངས་སུ་སྤྱོད་ཐུབ་པར་བྱ་རྒྱུ་དང་། ལོ་ཚོད་ལ་སླེབས་མ་ཐག་དེ་འཕྲལ་ལོངས་སུ་སྤྱོད་རྒྱུ་ཁྱོན་ཡོངས་ནས་མངོན་འགྱུར་ཐུབ་པ་བྱ་རྒྱུ་རེད།

ཕྲུ་གུ་གསོ་བར་ཁ་གསབ་སྟེར་བའི་དངུལ་གནད་ལ་འཁེལ་བའི་སྒོ་ནས་སྤྲོད་རྒྱུ་དང་། དྭ་ཕྲུག་དང་གསོ་སྐྱོང་བྱེད་མཁན་མེད་པའི་བྱིས་པའི་ཐོབ་ཐང་ངོས་འཛིན་དང་གསོ་ཉར་ཐོ་འགོད་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། འཕྲོད་བསྟེན་དང་ནོར་སྲིད་སོགས་སྡེ་ཁག་བར་གྱི་ཆ་འཕྲིན་སྤེལ་རེས་ལམ་སྲོལ་སྔར་ལས་འཐུས་ཚང་དུ་གཏོང་བ། སྤྲོད་ཡུལ་དབྱེ་འབྱེད་གནད་འཁེལ་བྱེད་ཚད་མཐོ་རུ་གཏོང་བ། བྱིས་པའི་ལྟ་སྐུལ་མཛུབ་སྟོན་པ་དང་བྱིས་པའི་ཀྲུའུ་རེན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་བཅས་བྱས་ནས། རང་འགུལ་ངང་ཞབས་ཞུ་དང་སྒོ་ཁར་སྐྱོད་རོགས་བྱས་ཏེ། ཁ་གསབ་སྟེར་སྐབས་ཁྱིམ་ཚང་གཅིག་དང་མི་གཅིག་ཀྱང་ལྷག་ལུས་མེད་པར་འགན་ལེན་བྱ་རྒྱུ་རེད།

མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིང་གི་འབྲེལ་ཡོད་འགན་འཁུར་བས་བཤད་རྒྱུར། ང་ཚོས་དམངས་ཕན་དང་དམངས་ལ་སྟབས་བདེ་བཟོ་བའི་ཁྲིད་སྟོན་རྒྱུན་མཐུད་ངང་གཏན་འཁེལ་བྱས་ནས། ལས་ཀའི་གོ་རིམ་ཟམ་མི་ཆད་པར་གཏིང་ཟབ་ཏུ་གཏོང་བ་དང་གཞི་གྲངས་མཉམ་སྤྱོད་བྱེད་རྒྱ་ཆེ་རུ་གཏོང་བ། ཞབས་ཞུའི་འདུས་གྲུབ་ཇེ་ལེགས་སུ་གཏོང་བ་བཅས་བྱས་ཏེ། བྱེད་ཐབས་སྔར་ལས་ཏན་ཏིག་ལ་བརྟེན་ནས་འགག་གནད་སེལ་བ་དང་དཀའ་གནད་སེལ་བ། ཁྱད་ཆོས་མངོན་ས་ཡོད་པ་བཅས་བྱས་ཏེ། དམངས་འཚོའི་དོན་དངོས་ལ་སྤུས་ཚད་སྔར་ལས་མཐོ་བ་དང་དྲོད་ཁོལ་སྔར་ལས་འཛོམས་པོ་ཡོང་བར་བྱེད་རྒྱུ་ཡིན་ཟེར།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།