ཟླ4པའི་ཚེས18ཉིན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་འཁོར་སྐྱོད་དབྱེ་ཞིབ་ཚོགས་འདུ་འཚོགས་ནས། དུས་ཚིགས་དང་པོའི་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་འཁོར་སྐྱོད་དང་། ཞིང་ཆེན་སྲིད་གཞུང་གི་གཙོ་གནད་ལས་དོན་གྱི་ལས་འགན་དོན་འཁྱོལ་བྱས་ཚུལ་གྱི་སྙན་ཞུར་ཉན་པར་མ་ཟད། མིག་སྔའི་གནས་བབ་ལ་དབྱེ་ཞིབ་བྱས་ཏེ། གོམ་སྟབས་རྗེས་མའི་གཙོ་གནད་ལས་དོན་ལ་ཞིབ་འཇུག་བཀོད་སྒྲིག་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལུའོ་ཏུང་ཁྲོན་གྱིས་ཚོགས་འདུར་འགོ་འཛིན་བྱས།
གྲོས་ཚོགས་ལས་བསྟན་དོན། ད་ལོ་ནས་བཟུང་། ཞིང་ཆེན་ཡོངས་ཀྱི་གོང་འོག་བར་གསུམ་གྱིས་ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་ལས་ཀའི་བླང་བྱ་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ། སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱེད་པའི་སློབ་སྦྱོང་སློབ་གསོ་ཏན་ཏིག་ངང་སྤེལ་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལས་འགན་གཙོ་བོར་དམིགས་ཏེ། ལས་ཞུགས་བརྟན་པོ་དང་ཁེ་ལས་བརྟན་པོ། ཁྲོམ་ར་བརྟན་པོ། སྔོན་དཔག་བརྟན་པོ། ཐོན་ལས་ཀྱི་མུ་ཕྲེང་བརྟན་གཏོང་དང་མུ་ཕྲེང་གསབ་པ། མུ་ཕྲེང་སྣུར་སྲིང་བཅས་ལ་ཤུགས་སྣོན་པ། དཔལ་འབྱོར་འཁོར་སྐྱོད་བཀོད་གཏོང་ལམ་སྲོལ་གསར་གཏོད་དང་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ། ཞིང་ཕྱུགས་ལས་རིགས་བརྟན་པོའི་ངང་ཡར་རྒྱས་ཡོང་བར་བྱས་པ་དང་བཟོ་ལས་འཕར་ཚད་ཀྱི་ཟིན་ཐོ་གསར་པ་བསྐྲུན་པ། ཞབས་ཞུའི་ལས་རིགས་འཁོར་སྐྱོད་བརྟན་པོ་ཡོང་བར་བྱས་པ། འཛད་སྤྱོད་ཁྲོམ་ར་བསྐྱར་འཕར་བྱུང་བ། དངུལ་གཏོང་གནོན་ཤུགས་ཐེག་ཐུབ་པ་བྱུང་ནས་མདུན་སྐྱོད་བྱས་པ། ལས་གཞི་གལ་ཆེན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་བ་བཅས་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་འཁོར་སྐྱོད་ནུས་ལྡན་དང་འགོ་ཡག་པོ་བརྩམས་ནས། ལོ་འགོར་དུས་རིམ་རང་བཞིན་གྱི་རྒྱལ་ཁ་བླངས་པ་དང་། དུས་ཚིགས་དང་པོའི་ནང་འགོ་ཡག་པོ་རྩོམ་པ་མངོན་འགྱུར་བྱུང་ཡོད།
གྲོས་ཚོགས་ལས་ནན་གྱིས་བསྟན་དོན། མིག་སྔར་ཕྱི་ཕྱོགས་ཀྱི་གནས་བབ་སྔར་ལས་རྙོག་འཛིང་ཆེ་ལ་འགྱུར་ལྡོག་མང་བར་བརྟེན། རང་རེའི་ཞིང་ཆེན་གྱི་དཔལ་འབྱོར་བསྐྱར་འཕར་ཇེ་ལེགས་སུ་འགྲོ་བའི་རྨང་གཞི་སྔར་ལས་སྲ་བརྟན་དུ་གཏོང་དགོས། ངེས་པར་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱེད་པ། བརྟན་པོའི་ཁྲོད་ཡར་རྒྱས་བརྩོན་ལེན་བྱེད་པའི་ལས་ཀའི་སྤྱིའི་གཞི་གདངས་རྒྱུན་འཁྱོངས་བྱེད་པ། འཐབ་ཇུས་ཀྱི་གཏིང་ཤུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་ཀྱི་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་བཅས་བྱས་ནས། རང་རེའི་ཞིང་ཆེན་གྱི་དུས་ཚིགས་གཉིས་པའི་ལས་གཞི་འཛུགས་སྐྲུན་གྱི་རྫོགས་ལྡན་དུས་སྐབས་དང་ཡུལ་སྐོར་འཕེལ་རྒྱས་འཕར་བའི་དུས་སྐབས། བཟོ་ཞིང་ལས་རིགས་ཐོན་སྐྱེད་ཇེ་མགྱོགས་སུ་གཏོང་བའི་དུས་སྐབས་བཅས་དམ་འཛིན་བྱས་ཏེ། ནང་མཁོ་རྒྱུན་མཐུད་ངང་རྒྱ་སྐྱེད་གཏོང་བ་དང་མཁོ་སྤྲོད་ཇེ་ལེགས་སུ་གཏོང་བ། འཕར་ཚད་ཇེ་ལེགས་སུ་གཏོང་བ། གསོག་འབོར་གསོན་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས། དཔལ་འབྱོར་བརྟན་པོའི་ངང་ལེགས་ཕྱོགས་སུ་འཕེལ་བའི་རྣམ་པ་བར་མ་ཆད་པའི་ངང་རྒྱ་སྐྱེད་དང་སྲ་བརྟན་གཏོང་བ། ཕན་འབྲས་ལྡན་པའི་དངུལ་གཏོང་རྒྱ་སྐྱེད་གཏོང་བ་དང་གཙོ་གནད་ལས་གཞི་འཛུགས་སྐྲུན་ལ་དམ་པོར་དམིགས་པ། གཅིག་གྱུར་བཀོད་གཏོང་དང་རྒྱུ་རྐྱེན་གཙོ་བོའི་འགན་ལེན་ལ་ཤུགས་སྣོན་པ། ཚོང་གཉེར་ཁོར་ཡུག་རྩེ་གྲ་མུ་མཐུད་བསྐྲུན་པ། ཚོང་དོན་དང་རིག་གནས་ཡུལ་སྐོར་གྱི་རྒྱབ་སྐྱོར་སྲིད་ཇུས་ཀྱི་མཉམ་འགུལ་བརྩེག་སྣོན་ཕན་འབྲས་ཆེ་རུ་གཏོང་བ། འཛད་སྤྱོད་བྱེད་སྟངས་གསར་གཏོད་བྱེད་པ། འཛད་སྤྱོད་རྣམ་པ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། འཛད་སྤྱོད་ཁོར་ཡུག་སྔར་ལས་ཇེ་ལེགས་སུ་གཏོང་བ། བྱེད་ཐབས་མང་པོ་མཉམ་སྤྱོད་བྱས་ནས་ཞབས་ཞུའི་ལས་རིགས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས། བཟོ་ལས་དཔལ་འབྱོར་གྱི་འཁོར་སྐྱོད་ལྟ་ཞིབ་ཚད་ལེན་དང་ལས་གཞིའི་ཞབས་ཞུ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཐོན་ལས་མུ་ཕྲེང་གི་གནད་འཁེལ་ཚོང་འགུགས་ཟབ་སྤེལ་གཏོང་བ། རྒྱུན་མཐུད་ངང་ཤུགས་ཆེན་པོ་བརྒྱབ་ནས་ཆེ་གྲས་བསྡུ་ལེན་དང་སྟོབས་ལྡན་འདྲེན་པ། ཕུལ་བྱུང་གསོ་སྐྱོང་དང་སྟོབས་ལྡན་གསོ་སྐྱོང་བཅས་བྱས་ཏེ། ནུས་ཤུགས་ཡོད་རྒུས་བཟོ་ལས་འཕར་བའི་འཕེལ་ཕྱོགས་བརྟན་པོ་ཡོང་བར་འབད་དགོས། ནོར་སྲིད་དང་དངུལ་རྩའི་སྲིད་ཇུས་ཀྱི་ཕན་ནུས་ཆེ་བའི་མཐུན་སྦྱོར་ལ་སྐུལ་འདེད་གཏོང་བ་དང་། དཔལ་འབྱོར་གྲུབ་ཚུལ་ལེགས་སྒྲིག་དང་ཚུལ་བསྒྱུར་རིམ་སྤོར་ལ་སྐུལ་འདེད་མགྱོགས་པོ་གཏོང་བ། གཙོ་གནད་ས་ཁུལ་གྱིས་འདེགས་སྐྱོར་གྱི་ནུས་པ་སྔར་ལས་ལེགས་པར་འདོན་སྤེལ་བྱེད་པར་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱེད་པ། ལས་ཀའི་རྒྱང་ལྟའི་རང་བཞིན་དང་དམིགས་འབེན་རང་བཞིན། ཕན་ནུས་རང་བཞིན་བཅས་མཐོར་འདེགས་ཏན་ཏིག་གཏོང་བ་བཅས་བྱས་ནས། ལོ་སྟོད་དུ“ཕྱོགས་གཉིས་ཕྱེད་ཀ་ལས་བརྒལ་བ”ནུས་ཤུགས་ཡོད་རྒུས་མངོན་འགྱུར་བྱས་ཏེ། ལོ་ཧྲིལ་པོའི་དམིགས་འབེན་ལས་འགན་ཕུན་སུམ་ཚོགས་པོའི་ངང་ཡོངས་འགྲུབ་བྱས་ནས། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འགོ་ཡག་པོ་རྩོམ་པ་དང་གོམ་སྟབས་ཡག་པོ་སྤོ་བར་རྨང་གཞི་བརྟན་པོ་འདིང་དགོས།
ཀྲང་ཅིན་ཀང་དང་ཚེ་རིང་ཐར། ལིའུ་ཐའོ། ལི་ཧུང་ཡ། ཁྲེང་ཅི་ཝེ་བཅས་ཚོགས་འདུར་ཞུགས།