གསར་འགོད་པར་རྒྱལ་ཁབ་ནགས་ཚལ་དང་རྩྭ་ཐང་ཅུས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། པེ་ཅིང་གི་དུས་ཚོད་ཟླ་4པའི་ཚེས་15ཉིན་གྱི་ཆུ་ཚོད་16དང་སྐར་མ་49ཡི་ཐོག ཧྥ་རན་སེའི་ཕ་རི་སིར་འཚོགས་པའི་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ལག་བསྟར་ཅུས་ཀྱི་ཚོགས་འདུ་སྐབས་224པའི་ཐོག་རང་རྒྱལ་གྱི་ཀྲེ་ཅང་ཁྲང་ཧྲན་དང་སི་ཁྲོན་རྔ་བ་བོད་རིགས་ཆའང་རིགས་ཁུལ་གྱི་སྐུ་བླ་རི་བོ་གཉིས་འཛམ་གླིང་ས་གཤིས་སྤྱི་གླིང་ལ་དངོས་སུ་བསྒྱུར་རྒྱུར་གྲོས་འཆམ་བྱུང་ཡོད་པ་རེད། དེར་བརྟེན། རང་རྒྱལ་དུ་འཛམ་གླིང་ས་གཤིས་སྤྱི་གླིང་51བར་འཕར་ཞིང་། རྒྱལ་ཡོངས་ཀྱི་ཞིང་ལྗོངས་དང་ཐད་གཏོགས་གྲོང་ཁྱེར་24དང་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་བཅས་ལ་ཁྱབ་ཡོད།

སྐུ་བླ་རི་བོའི་མཛེས་ལྗོངས།
སྐུ་བླ་རི་བོའི་འཛམ་གླིང་ས་གཤིས་སྤྱི་གླིང་དེ་སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་བཙན་ལྷ་རྫོང་ཁོངས་སུ་གཏོགས་པ་དང་། མཚོ་བོད་ས་མཐོ་དང་སི་ཁྲོན་གཤོངས་སའི་བར་བརྒལ་ཁུལ་དུ་གནས་ཤིང་། རྒྱ་ཁྱོན་ལ་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ་2764.01ཡོད་པ་རེད། སྤྱི་གླིང་དེ་ཟུང་ཆུ་ནས་དཀར་མཛེས་བར་གྱི་རི་རྒྱུད་ཀྱི་ལྟེབ་གཉེར་དང་།སྙིགས་བསགས་བྲག་རྡོའི་བསྐྱར་གྲུབ་རྡོའི་བཀོད་པ། མཚོ་བོད་ས་མཐོའི་ཤར་མཐའི་རི་བོའི་དབུ་རྩེ་དང་། དེ་བཞིན་དམིགས་བསལ་གྱི་འཁྱགས་རོམ་ས་དབྱིབས་བཅས་ཁྱད་ཆོས་གཙོ་བོར་མངོན་པས། གནའ་བོའི་རྒྱ་མཚོ་ནས་མཚོ་བོད་ས་མཐོའི་ཤར་མཐའི་གྱེན་དུ་འབུར་བའི་ས་གཤིས་འགྱུར་ལྡོག་གི་བརྒྱུད་རིམ་ཟིན་ཐོར་བཀོད་པའི་དབང་གིས་ཚན་རིག་གི་རིན་ཐང་དང་གོ་ལ་ཧྲིལ་པོའི་བསྡུར་ཚད་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད།

ཁྲང་ཧྲན་གྱི་མཛེས་ལྗོངས།
ཁྲང་ཧྲན་འཛམ་གླིང་ས་གཤིས་སྤྱི་གླིང་དེ་ཀྲེ་ཅང་ཞིང་ཆེན་ཆུས་ཀྲོའུ་གྲོང་ཁྱེར་ཁྲང་ཧྲན་རྫོང་དུ་གནས་པ་དང་། རྒྱ་ཁྱོན་ལ་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ་1043.10ཡོད་ཅིང་། སྤྱི་གླིང་དུ་བསྐལ་པ་ཡ་ཐོག་ནས་གྲུབ་པའི་གདོད་མའི་མུ་འབྲེལ་ས་རིམ་ཡོད་པས། ཨ་ཤེ་ཡའི་ཤར་རྒྱུད་ཀྱི་ལོ་ངོ་དུང་ཕྱུར་10ཙམ་གྱི་ས་གཤིས་རིམ་འགྱུར་ལོ་རྒྱུས་ཁྲོད་ཀྱི་ས་རིམ་རིམ་སྟར་རྒྱུན་མཐུད་དང་མུ་འབྲེལ་བྱེད་མང་ཤོས་ཀྱི་ས་ཁུལ་གྱི་གྲས་ཤིག་ཡིན་ཞིང་། འབུ་སྲིན་པི་ཧྲི་དང་འབུ་འདབ་གསུམ་སོགས་གནའ་བོའི་སྐྱེ་དངོས་ཀྱི་འགྱུར་རྡོ་འབོར་ཆེན་ཡོད་པ་རེད།