སྨན་བཅོས་འགན་སྲུང་ཐད་སྲིད་ཇུས་གསར་པ་ཞིག་བཏོན་འདུག

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུས་ཀྱི་གཞུང་ཕྱོགས་དྲ་བའི་ཐོག་སྤེལ་བའི་གནས་ཚུལ་ལ་གཞིགས་ན། 《སྨན་བཅོས་འགན་སྲུང་ཐེབས་རྩ་བེད་སྤྱོད་རྒྱུན་རྣམ་ཅན་དུ་འགྱུར་བར་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིང་གི་ལག་བསྟར་བསམ་འཆར་》གྱི་བླང་བྱ་ལག་བསྟར་གཏིང་ཟབ་དང་། སྨན་བཅོས་འགན་སྲུང་ཐེབས་རྩ་དོ་དམ་ཐད་ཀྱི་མངོན་བསལ་དོད་པའི་གནད་དོན་ཆེད་དོན་བཅོས་སྒྲིག་རྒྱུན་མཐུད་གཏིང་ཟབ་ཏུ་གཏོང་རྒྱུ། དམིགས་འཛུགས་སྨན་བཅོས་སྒྲིག་གཞིའི་རང་ངོས་དོ་དམ་གྱི་བྱེད་པོའི་འགན་འཁྲི་སྔར་བས་ནན་དུ་གཏོང་རྒྱུ། སྨན་བཅོས་འགན་སྲུང་ཐེབས་རྩ་བེད་སྤྱོད་ཚད་ལྡན་དུ་གཏོང་རྒྱུ་བཅས་ཀྱི་ཆེད་དུ། ཉེ་ཆར་རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུས་ཀྱིས་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་ནང་2026ལོའི་དམིགས་འཛུགས་སྨན་བཅོས་སྒྲིག་གཞིས་ཁྲིམས་འགལ་སྒྲིག་འགལ་ངང་སྨན་བཅོས་འགན་སྲུང་ཐེབས་རྩ་སྤྱོད་པའི་ཐད་རང་བཤེར་རང་བཅོས་ཀྱི་ལས་དོན་སྤེལ་རྒྱུ་སྒྲིག་འཛུགས་བྱས་ཡོད། 

རང་བཤེར་རང་བཅོས་བྱ་རྒྱུ་དེ་གཙོ་གནད་ཁྱབ་ཁོངས་ལ་དམིགས་ནས་“རིམ་བཞིན་ཞིབ་ཚགས་སུ་གཏོང་རྒྱུ་དང་རྒྱུན་མཐུད་ངང་གཏིང་ཟབ་ཏུ་གཏོང་རྒྱུ་”རེད། སྙིང་ཁམས་ཁྲག་རྩའི་ཁོག་ནད་ཚན་ཁག་དང་། རུས་ནད་ཚན་ཁག ཁྲག་གཙང་འགྱུར། ལུས་གསོ། གསོ་རིག་གྲིབ་བརྙན། ནད་ཐོག་བརྟག་དཔྱད། སྐྲན་ནད། སྦྲིད་སྨན། ནད་ཚབས་ཆེའི་གསོ་རིག་སོགས་གཙོ་གནད་ཁྱབ་ཁོངས་9ཡི་རྨང་གཞིའི་ཐོག ལོ་འཁོར་འདིར་སྔར་ལས་ལྷག་པར་ཁ་ནད་ཚན་ཁག་དང་། གསང་རྒྱུད་ཟགས་གཤེར། སེམས་ཁམས་གསོ་རིག་བཅས་ཁྱབ་ཁོངས་3རང་བཤེར་རང་བཅོས་ཀྱི་ཁྱབ་ཁོངས་སུ་བཅུག་ཡོད།

ཐེངས་འདིའི་རང་བཤེར་རང་བཅོས་ལས་དོན་དེར་དུས་མཚམས་གསུམ་ལ་དབྱེ་ནས་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བཞིན་ཡོད་དེ། 

གཅིག ས་གནས་དེ་གའི་རྩིས་ཁྲ་ཞིབ་ཕྲ་བཟོ་བ། རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུས་ཀྱིས་2026ལོའི་དམིགས་འཛུགས་སྨན་བཅོས་སྒྲིག་གཞིས་ཁྲིམས་འགལ་སྒྲིག་འགལ་ངང་སྨན་བཅོས་འགན་སྲུང་ཐེབས་རྩ་བེད་སྤྱོད་བྱས་པའི་དཔེ་མཚོན་གནད་དོན་གྱི་གསལ་ཐོ་གཤམ་སྤེལ་བྱས་ཟིན་པ་དང་། ས་གནས་ཁག་གི་སྨན་བཅོས་འགན་སྲུང་སྡེ་ཚན་གྱིས་ཟླ་3པའི་ཟླ་མཇུག་གོང་རང་ས་གནས་ཀྱི་སྨན་བཅོས་འགན་སྲུང་སྲིད་ཇུས་དང་ནད་བརྟག་སྨན་བཅོས་རྣམ་གྲངས་ཚད་གཞི་དང་ཟུང་འབྲེལ་བྱས་ཏེ། གནད་དོན་གྱི་གསལ་ཐོ་ཞིབ་ཕྲ་བཟོས་ཏེ་འཐུས་ཚང་དུ་བཏང་ཡོད།

གཉིས། ཕྱོགས་ཡོངས་ནས་རང་བཤེར་སྒྲིག་འཛུགས་བྱས་པ། ས་གནས་ཁག་གི་སྨན་བཅོས་འགན་སྲུང་སྡེ་ཚན་གྱིས་ཁོངས་གཏོགས་ཁུལ་གྱི་གནས་གཏན་འཁེལ་གྱི་སྨན་བཅོས་སྒྲིག་གཞི་ཚང་མ་སྒྲིག་འཛུགས་བྱས་ཏེ། རང་ཡུལ་ཅན་དུ་འགྱུར་བའི་གནད་དོན་གྱི་གསལ་ཐོ་དང་གཤིབ་སྡུར་བྱས་ནས་ཟླ་4པའི་ཟླ་མཇུག་གོང་2024ལོ་ནས་2025ལོ་བར་གྱི་སྨན་བཅོས་འགན་སྲུང་ཐེབས་རྩ་བེད་སྤྱོད་བྱས་ཚུལ་ལ་ཕྱོགས་ཡོངས་ནས་རང་བཤེར་བྱས་ཟིན་པ་དང་འབྲེལ། སྒྲིག་འགལ་ངང་བེད་སྤྱོད་བྱས་པའི་ཐེབས་རྩ་དུས་ཐོག་ཏུ་ཚུར་ལེན་བྱས་ཡོད།

གསུམ། འཐེན་བཤེར་བསྐྱར་ཞིབ་བྱ་རྒྱུ། ཟླ་5པ་ནས་བཟུང་། རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུས་ཀྱིས་ས་གནས་ཁག་གིས་རང་བཤེར་རང་བཅོས་བྱས་ཚུལ་ལ་འཐེན་བཤེར་བསྐྱར་ཞིབ་སྒྲིག་འཛུགས་བྱ་རྒྱུ་རེད། ད་ཐེངས་ཀྱི་རྒྱལ་ཡོངས་ཁྱབ་ཁོངས་ནང་གི་གནས་གཏན་འཁེལ་གྱི་སྨན་བཅོས་སྒྲིག་གཞིའི་རང་བཤེར་རང་བཅོས་ལས་དོན་ནི་ཐེབས་རྩར་ལྟ་སྐུལ་དོ་དམ་ནན་པོ་བྱེད་པའི་རྣམ་པ་རྒྱུན་འཁྱོངས་དང་ལྟ་སྐུལ་དོ་དམ་གྱི་འགག་སྒོ་མདུན་དུ་སྤོ་རྒྱུར་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་རེད། གནས་གཏན་འཁེལ་གྱི་སྨན་བཅོས་སྒྲིག་གཞིས་རང་ངོས་དོ་དམ་གྱི་བྱེད་པོའི་འགན་འཁྲི་ནན་དུ་གཏོང་རྒྱུར་ཁྲིད་སྟོན་བྱས་པ་བརྒྱུད། ཐེབས་རྩའི་བདེ་འཇགས་འགོག་སྲུང་འཛིང་རགས་སྔར་བས་བརྟན་དུ་དང་ཐེབས་རྩ་བེད་སྤྱོད་ཀྱི་ཕན་ནུས་ཆེ་རུ་བཏང་ནས། མི་དམངས་མང་ཚོགས་ཀྱི་“ནད་ལྟ་བའི་དངུལ་”དང་“སྲོག་སྐྱོབ་དངུལ་”ཡག་པོ་སྲུང་རྒྱུ་ཡིན་པ་རེད། 

རྩོམ་སྒྲིག་པ། : ཁོན་ཐར་འཚོ།