བོད་ལྗོངས་ཀྱི་རྫོང་འདིར་སྨན་ཁང་རྩེ་གྲ་ཞིག་གསར་དུ་བསྐྲུན་འདུག

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

ཟླ་བ་4ཚེས་13ཉིན། བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་ཀོང་པོ་རྒྱ་མདའ་རྫོང་མི་དམངས་སྨན་ཁང་དང་སྨན་རྩིས་ཁང་བཙུགས་ནས་ལོ་ངོ་67འཁོར་བ་དང་སྨན་ཁང་གི་ཁུལ་གསར་པ་སྤྱོད་འགོ་ཚུགས་པའི་མཛད་སྒོ་གཟབ་རྒྱས་ངང་འཚོགས་ཤིང་། ཀྲུང་ཧྲན་གྲོང་ཁྱེར་དང་དེ་བཞིན་ཉིང་ཁྲི་གྲོང་ཁྱེར་གྱི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བ་དང་། ཀྲུང་ཧྲན་སྨན་བཅོས་སྒྲིག་གཞི་10ལྷག་ཙམ་གྱི་འཐུས་མི། ཀོང་ཏུང་ཞིང་ཆེན་གྱི་དུས་ཁག་བཅུ་གཅིག་པའི་བོད་སྐྱོར་ལས་དོན་རུ་ཁག་སོགས་ནས་ཕེབས་པའི་མི་སྣ་བརྒྱ་ལྷག་ཙམ་མཛད་སྒོར་ཞུགས་ཡོད།

སྨན་ཁང་གསར་པའི་རྨང་གཞིའི་སྒྲིག་བཀོད་ལ་ཕྱོགས་ཡོངས་ནས་རིམ་སྤོར་ལེགས་བཅོས་བྱུང་ཡོད་དེ། ཐོག་སོ་8ཅན་གྱི་གློག་སྐས་ལྡན་པའི་ཕྱོགས་བསྡུས་ཐོག་ཁང་གསར་རྒྱག་དང་ནད་པའི་ཉལ་ཁྲིའི་ཤོང་ཚད་ཆེ་རུ་བཏང་བ་མ་ཟད། རིམ་པ་100ཅན་གྱི་མཁའ་རླུང་གཙང་སེལ་གཤགས་བཅོས་ཁང་གསར་དུ་བསྣན་པ་དང་། རུས་ནད་ཚན་ཁག་གི་C དབྱིབས་ཅན་གྱི་Xའོད་པར་འཕྲུལ་ཆས། སྔོན་ཐོན་CTདང་དེ་བཞིན་AIརིག་ནུས་གཞོགས་འདེགས་བརྟག་དཔྱད་མ་ལག བརྟག་བཤེར་སྒྲིག་ཆས་གཞན་དག་བཅས་དུས་གཅིག་ཏུ་གསར་བརྗེས་བྱས་ཡོད་པས། ས་མཐོའི་མྱུར་སྐྱོབ་དང་ཕྱོགས་བསྡུས་སྨན་བཅོས་ཀྱི་ནུས་པ་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད།

ལོ་ངོ་67གྱི་རིང་ལ། སྨན་ཁང་དེ་སྔོན་ཆད་ཀྱི་ཁང་མིག་ཐབས་ཆག་ཅིག་ནས་ད་ལྟ་རྫོང་ཡོངས་ཀྱི་རྐང་འཛིན་སྨན་བཅོས་ལྟེ་གནས་སུ་འཕེལ་རྒྱས་བྱུང་སྟེ། ཕྱི་ལུགས་གསོ་རིག་གི་ཚད་ལྡན་སྨན་བཅོས་དང་བོད་ལུགས་གསོ་རིག་གི་ཁྱད་ཆོས་ལྡན་པའི་རྒྱུན་འཛིན་སོགས་མཐུན་སྦྱོར་འཕེལ་རྒྱས་བྱུང་ཡོད། སྨན་རྩིས་ཁང་གིས་གནའ་དཔེ་ཡིག་ཆ་ལེགས་སྒྲིག་དང་བོད་སྨན་གྱི་ཁྱད་ལྡན་ལག་རྩལ་བེད་སྤྱོད་བྱ་རྒྱུར་མུ་མཐུད་སྐུལ་འདེད་བཏང་ནས། མི་རིགས་གསོ་རིག་དང་དེང་རབས་གསོ་རིག་མཉམ་འདྲེས་ཤུགས་ཆེན་ཡོང་བར་སྐུལ་འཁྲིད་བྱས་ཡོད།

མཛད་སྒོའི་ཐོག་ཏུ། ཀྲུང་ཧྲན་གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཅུས་ལ་བོད་སྐྱོར་གྱི་“དམིགས་བསལ་ལེགས་སྐྱེས་འབུལ་མཁན་ཚན་པའི་”གཟེངས་རྟགས་སྤྲད་པ་དང་། ཀྲུང་ཧྲན་གྲོང་ཁྱེར་མི་དམངས་སྨན་ཁང་སོགས་ལ་“ཕུལ་བྱུང་ལེགས་སྐྱེས་འབུལ་མཁན་ཚན་པའི་”གཟེངས་རྟགས་སྤྲད་པ། དེ་བཞིན་ཁྲེན་ཤིས་ཡན་སོགས་མི་སྒེར་དང་ཁག་རིམ་བྱུང་གི་བོད་སྐྱོར་སྨན་བཅོས་རུ་ཁག་ལ་ཡང་གཟེངས་བསྟོད་ཐོབ་ཡོད།

མཛད་སྒོ་དང་དུས་མཉམ་དུ་སྤུས་ཚད་མཐོ་བའི་འཕེལ་རྒྱས་བགྲོ་གླེང་ཚོགས་འདུ་འཚོགས་པ་ལས་གཞན། སྤྱི་ཕན་སྨན་བཅོས་ཀྱི་བྱེད་སྒོ་ཡང་སྤེལ་ཏེ་ས་གནས་མང་ཚོགས་ལ་དངོས་ཕན་བསྐྲུན་ཡོད།

ཐེངས་འདིའི་བྱེད་སྒོ་ནི་ཀོང་ཏུང་དང་ཉིང་ཁྲི་མཉམ་སྐྲུན་དང་སྨན་བཅོས་བོད་སྐྱོར་གྱི་དཔེ་མཚོན་ལག་ལེན་ལེགས་པོ་ཞིག་ཡིན་པས། ས་མཐོའི་འཕྲོད་བསྟེན་བདེ་ཐང་བྱ་གཞག་དེ་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྒུལ་ཤུགས་གསར་པ་བསྣན་ཡོད།

རྩོམ་སྒྲིག་པ། : ཁོན་ཐར་འཚོ།