རྒྱལ་ཁབ་ནས་ལག་བསྟར་ཇུས་གཞི་འདི་འདྲ་ཞིག་བཟོ་འཆར་འདུག

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

ཟླ་4ཚེས་17ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས“‘ལོ་ལྔ་ཚན་བཅོ་ལྔ་པའི’འགོ་ཡག་པོ་འཛུགས་པའི”བརྗོད་དོན་གཙོ་བོའི་མུ་འབྲེལ་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས། “ལོ་ལྔ་ཚན་བཅོ་ལྔ་པའི”རིང་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་པོས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས་པ་རེད།

རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཝང་ཁྲང་ལིན་གྱིས་བརྗོད་དོན། འདི་ལོ་ཤར་ཚུན། དཔལ་འབྱོར་འཁོར་སྐྱོད་ལ་དགེ་མཚན་ལྡན་པའི་འགྱུར་ལྡོག་བྱུང་བ་དང་། མཁོ་སྤྲོད་ཕྱོགས་གཉིས་ཀར་ལེགས་བཅོས་མངོན་གསལ་དོད་པོ་བྱུང་སྟེ། གོ་ལ་ཧྲིལ་པོའི་དཔལ་འབྱོར་གྱི་བརྟན་སྲུང་གི་ནུས་པ་དེ་བས་ལེགས་པའི་སྒོ་ནས་འདོན་སྤེལ་ཐུབ་ཅིང་། རྒྱལ་ཁབ་ཕྱི་ནང་གི་སྒྲིག་གཞི་མང་པོ་དང་། རིགས་གཅིག་མཁས་ཅན། མཁས་དབང་བཅས་ཀྱི་སྔོན་དཔག་ལས་ཡག་ཏུ་ཕྱིན་ཡོད།

གོམ་སྟབས་རྗེས་མར། ཕྱོགས་5ཡི་ལས་དོན་ལ་མངོན་གསལ་དོད་པོས་དམ་འཛིན་ཡག་པོ་བྱ་རྒྱུ་སྟེ།

  • གཅིག་ནས་སྤྱི་ཁོག་སྲིད་ཇུས་ཀྱི་ཕྱོགས་བསྡུས་ནུས་པ་འདོན་སྤེལ་ཡག་པོ་བྱས་ཏེ། ཕྱོགས་བསྡུས་རང་བཞིན་གྱི་སྲིད་ཇུས་བྱ་ཐབས་ཁག་གཅིག་སྔ་སྣུར་དུ་གསོག་འཇོག་བྱས་ནས་དུས་བབ་ཀྱི་དགོས་མཁོ་དང་བསྟུན་ནས་དུས་ཐོག་ཏུ་འདོན་རྒྱུ་དང་། 

  • གཉིས་ནས་རྒྱལ་ནང་གི་ནུས་ལྡན་དགོས་མཁོ་ཤུགས་ཆེན་པོས་ཆེ་རུ་གཏོང་བ་དང་། 2026ལོ་ནས་2030ལོ་བར་གྱི་ནང་མཁོ་རྒྱ་ཆེར་གཏོང་བའི་འཐབ་ཇུས་ལག་བསྟར་ཇུས་གཞི་བཟོས་ནས། ཆ་རྐྱེན་དང་མཐུན་པའི་ལས་གྲྭའི་རྣམ་གྲངས་གལ་ཆེན་སྔ་ཙམ་ལས་འགོ་འཛུགས་རྒྱུར་སྐུལ་འདེད་གཏོང་རྒྱུ།

  • གསུམ་ནས་ཚན་རྩལ་གསར་གཏོད་ལ་ཤུགས་སྣོན་དང་གསར་དར་ཐོན་ལས་འཕེལ་རྒྱས་མགྱོགས་སུ་བཏང་སྟེ། "མི་ཐབས་རིག་ནུས་+"ཡི་བྱ་སྤྱོད་ལག་བསྟར་གཏིང་ཟབ་བྱེད་པ་དང་། རིག་ནུས་དཔལ་འབྱོར་གྱི་རྣམ་པ་གསར་པ་གཏོད་པ། རྒྱལ་ཡོངས་ཀྱི་ཞབས་ཞུའི་ལས་རིགས་ཚོགས་ཆེན་གྱི་དགོངས་དོན་དོན་འཁྱོལ་གཏིང་ཟབ་བྱས་ནས་ཞབས་ཞུའི་ལས་རིགས་ཀྱི་ནུས་བསྐྱེད་ལམ་སྲོལ་ལ་སྐུལ་འདེད་གཏོང་རྒྱུ། 

  • བཞི་ནས་ལས་ཞུགས་བརྟན་པོ་དང་འབབ་འཕར་ལ་སྐུལ་འདེད་གཏོང་རྒྱུར་ཤུགས་སྣོན་བརྒྱབ་སྟེ། ལས་གནས་བརྟན་པོ་དང་། ཤོང་ཚད་ཆེ་རུ་གཏོང་བ། སྤུས་ཚད་མཐོར་གཏོང་བཅས་ཀྱི་བྱ་སྤྱོད་ལག་བསྟར་ཡག་པོ་བྱེད་པ་དང་། གྲོང་ཁྱེར་དང་གྲོང་གསེབ་གྲོང་མིའི་འབབ་འཕར་གྱི་འཆར་གཞི་བཟོས་ནས་ལག་བསྟར་བྱེད་པ། ཀུན་ཕན་རང་བཞིན་དང་མཐའ་སྐྱོང་རང་བཞིན་གྱི་དམངས་འཚོ་འཛུགས་སྐྱོང་ལ་ཤུགས་སྣོན་དང་། དཀའ་ངལ་ཡོད་པའི་ཚོགས་སྤྱིའི་སྤྱི་ཚོགས་འགན་ལེན་ལ་ཤུགས་སྣོན་རྒྱག་རྒྱུ།

  • ལྔ་ནས་བདེ་འཇགས་འཕེལ་རྒྱས་ཀྱི་རྨང་གཞི་བརྟན་དུ་བཏང་སྟེ། ནུས་ཤུགས་ཡོད་རྒུས་ནུས་རྒྱུའི་ཐོན་ཁུངས་དང་འབྲུ་རིགས་སོགས་དམངས་འཚོའི་ཚོང་ཟོག་གལ་ཆེན་མཁོ་སྤྲོད་འགན་ལེན་དང་རིན་གོང་བརྟན་པོ་ཡོང་བའི་ལས་དོན་ཡག་པོ་སྒྲུབ་པ་དང་། རྣམ་པ་གསར་པའི་ནུས་རྒྱུའི་མ་ལག་མགྱོགས་མྱུར་སྐྲུན་པ། ས་ཁང་བདག་ཁོངས་ཀྱི་ཁྲོམ་ར་བརྟན་པོ་ཡོང་བར་ཤུགས་སྣོན་རྒྱག་པ་བཅས་བྱ་རྒྱུ་རེད།

རྩོམ་སྒྲིག་པ། : ཁོན་ཐར་འཚོ།