ཟླ4པའི་ཚེས16ཉིན། མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་ནས་བསྒྲགས་པའི་གནས་ཚུལ་ལྟར་ན། 2026ལོའི་རྒྱལ་ཡོངས་ཀྱི་སྨན་བཅོས་བཅོས་སྒྱུར་གཏིང་ཟབ་ཉམས་མྱོང་ཁྱབ་གདལ་དུ་གཏོང་བའི་ཚོགས་འདུ་དང་ཀྲུང་གོ་འཕྲོད་བསྟེན་འཕེལ་རྒྱས་ཚོགས་འདུ་ཀོང་ཀྲོའུ་རུ་བསྡུས། ཚོགས་འདུའི་ཐོག2025ལོའི་ལོ་འཁོར་གྱི“སྨན་བཅོས་བཅོས་སྒྱུར་ལ་སྐུལ་འདེད་བཏང་ནས་མང་ཚོགས་ཀྱི་བདེ་ཐང་ལ་ཞབས་འདེགས་ཞུ་བའི”བྱེད་ཐབས་གསར་པ་ཆེན་པོ་བཅུ་དང་གསར་འགྱུར་མི་སྣ་ཆེན་པོ་བཅུའི་ནང་བདམས་པའི་ལས་ཁུངས་དང་མི་སྒེར་ལ་གཟེངས་བསྟོད་བྱས། རང་ཞིང་ལ་རྒྱལ་ཁབ་རིམ་པའི་སྨན་བཅོས་བཅོས་སྒྱུར་གྱི་མཚན་སྙན་སྣ་གཉིས་ཐོབ་པ་སྟེ། ཟི་ལིང་གྲོང་ཁྱེར་གྱིས་གསར་གཏོད་བྱས་ཏེ་བཙུགས་པའི་ཁྱིམ་ཚང་སྨན་པའི་གན་རྒྱ་འཇོག་པའི་ཞབས་ཞུའི་མ་ལག“བྱེད་ཐབས་གསར་པ་ཆེན་པོ་བཅུའི”ཁྲོད་བདམས་པ་དང་། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་ཁྱབ་བསྒྲགས་བྱས་པའི“སན་མིན་ལ་སློབ་སྦྱོང་དང་སྨན་བཅོས་བཅོས་སྒྱུར་དམ་འཛིན་བྱེད་པའི”གཙོ་གནད་འོས་སྦྱོར་ས་ཁུལ50ཡི་ནང་བདམས།
ཉེ་བའི་ལོ་འགའི་རིང་། རང་ཞིང་གིས་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་བཅོས་བསྒྱུར་བྱ་བར་ཚད་མཐོའི་མཐོང་ཆེན་བྱས་ཏེ། སྨན་བཅོས་དང་སྨན་བཅོས་འགན་སྲུང་། སྨན་བཅོས་མཐུན་སྦྱོར་འཕེལ་རྒྱས་དང་བཅོས་སྐྱོང་ལ་དམིགས་ཏེ། གཞི་རྩ་འགན་སྲུང་དང་། གཞི་རིམ་སྟོབས་ལྡན། རྐྱེན་སྲོལ་འཛུགས་སྐྲུན་བཅས་བྱ་རྒྱུ་བྱེད་ཐབས་སུ་བྱས་ནས། ཞིང་ཆེན་ཡོངས་སུ་ཁྱབ་པའི་གཞི་རྩའི་སྨན་བཅོས་ཞབས་ཞུ་དང་། གཞི་རྩའི་སྨན་བཅོས་འགན་སྲུང་། གཞི་རྩའི་སྨན་རྫས་འདོན་སྤྲོད་འགན་སྲུང་མ་ལག་གཞི་རྩའི་ཆ་ནས་བསྐྲུན་ཡོད། སྤུས་ལེགས་སྨན་བཅོས་ཀྱི་ཐོན་ཁུངས་རྒྱ་བསྐྱེད་ཚད་ཇེ་ལེགས་སུ་གཏོང་བ་དང་། དམ་ཚགས་ཅན་གྱི་རྫོང་ཁོངས་སྨན་ཞབས་མཐུན་ཚོགས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། ཁ་གཏད་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་སོགས་ཀྱི་བྱེད་ཐབས་བརྒྱུད་དེ། ནུས་ཤུགས་ཡོད་རྒུས་ཞིང་ཆེན་དང་གྲོང་ཁྱེར། ཁུལ། རྫོང་། ཞང་བཅས་ཀྱི་སྨན་བཅོས་ཞབས་ཞུའི་ནུས་པ་མཐོ་རུ་བཏང་ནས། མང་ཚོགས་ཀྱི་ཐོབ་སྣང་མངོན་གསལ་སྒོས་མཐོ་རུ་ཕྱིན། དེའི་ནང་རིམ་དབྱེའི་དཔྱད་བཅོས་ལམ་ལུགས་དང་། ནད་གཞི་ཚབས་ཆེན་གྱི་སྨན་བཅོས་འགན་སྲུང་ལམ་ལུགས་ཀྱིས་དམངས་འཚོ་ལ་ཕན་པ་ཐོབ་པ། མཚོ་སྔོན་ལྷོ་རྒྱུད་ཀྱི་སྨན་བཅོས་ཡན་ལག་མཉམ་འདུས་སྤུས་ལེགས་ཐོན་ཁུངས་ཀྱིས་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ཟི་ལིང་གྲོང་ཁྱེར་གྱི་སྨན་བཅོས་མཉམ་འབྲེལ་སྒྲིག་གཞི་བདེ་ཐང་ཐུན་མོང་སྒྲིག་གཞིའི་ཕྱོགས་སུ་བསྐྱོད་པ། ཁྱིམ་ཚང་སྨན་པའི་གན་རྒྱ་འཇོག་པའི་ཞབས་ཞུའི་མ་ལག་འཛུགས་པ་སོགས་བཅོས་སྒྱུར་བྱེད་ཐབས་མང་པོ་ཁྱོན་ཡོངས་ནས་ལག་བསྟར་བྱས་པས། སྔ་རྗེས་སུ“སྨན་བཅོས་བཅོས་སྒྱུར་ལ་སྐུལ་འདེད་བཏང་ནས་མང་ཚོགས་ཀྱི་བདེ་ཐང་ལ་ཞབས་ཞུ་སྒྲུབ་པའི”བྱེད་ཐབས་གསར་པ་བཅུའི་གཟེངས་བསྟོད་ཐོབ།
རང་ཞིང་གིས་སྨན་བཅོས་བཅོས་སྒྱུར་གྱི་སྔོན་ཐོན་ཉམས་མྱོང་ཕྱོགས་ཡོངས་ནས་གསེད་བཀྲོལ་དང་ཕྱོགས་སྡོམ་བྱས་ཏེ། སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བ་དང་། སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་མ་ལག་ལེགས་བསྒྱུར་དང་འཐུས་ཚང་དུ་གཏོང་བ། གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་ནུས་པ་ནུས་ཤུགས་ཡོད་རྒུས་ཆེ་རུ་གཏོང་བ་བཅས་བྱས་ནས། བཅོས་སྒྱུར་གྱི་གྲུབ་འབྲས་དེ་མང་ཚོགས་ཀྱི་བདེ་ཐང་ལ་ཞབས་འདེགས་ཞུ་བའི་དངོས་ཡོད་ཀྱི་ཕན་འབྲས་སུ་བསྒྱུར་བ་དང་། ནུས་ཤུགས་ཡོད་རྒུས་ཞིང་ཆེན་ཡོངས་ཀྱི་མི་དམངས་དང་ཚེ་སྲོག་བདེ་ཐང་ལ་འགན་སྲུང་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་འཕྲོད་བསྟེན་བདེ་ཐང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།