ཟླ4པའི་ཚེས16ཉིན། ཞིང་ཆེན་སྲིད་གཞུང་ཏང་ཙུའུ་ཡིས་གཅིག་བསྡུས་སློབ་སྦྱོང་དང་མིས་བཟོས་རིག་ནུས་འཕེལ་རྒྱས་ཀྱི་ཆེད་དོན་སློབ་སྦྱོང་འཆད་ཁྲིད་སྤེལ་བ་དང་། ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི། ཧྲིན་ཀྲང་ལུའོ་ཏུང་ཁྲོན་གྱིས་འགོ་འཛིན་བྱས་པར་མ་ཟད་གཏམ་བཤད། ཁོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མིས་བཟོས་རིག་ནུས་འཕེལ་རྒྱས་ཐད་ཀྱི་རྣམ་བཤད་གལ་ཆེན་དང་མཚོ་སྔོན་ལ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱེད་དགོས་པ་དང་། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་བྱ་བའི་བླང་བྱ་དོན་འཁྱོལ་ནན་མོ་བྱེད་དགོས་ལ། སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱེད་དགོས་པར་མ་ཟད། སྔར་ལས་ལྷག་པའི་སྒོ་ནས་བསམ་བློ་གཅིག་གྱུར་དང་ཁ་ཕྱོགས་གཏན་འཁེལ། མཉམ་ཤུགས་གཅིག་བསྡུས་བཅས་བྱས་ནས་མིས་བཟོས་རིག་ནུས་ཀྱིས་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་ལ་བྱེད་ནུས་བསྩོལ་བར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན།
པེ་ཅིང་རང་བྱུང་བཟོ་སྐྲུན་རིག་པའི་སློབ་ཆེན་ཞིབ་འཇུག་སློབ་མའི་སློབ་གླིང་གི་རྒྱུན་ལས་ཡོན་ཀྲང་གཞོན་པ། མིས་བཟོས་རིག་ནུས་སློབ་གླིང་གི་རྒྱུན་ལས་ཡོན་ཀྲང་གཞོན་པ་ཏུན་ཧྥང་གིས་གདན་ཞུས་ལྟར་ཆེད་དོན་ཟུར་ཁྲིད་སྙན་ཞུ་ཕུལ། ཏུན་ཧྥང་གིས་མིས་བཟོས་རིག་ནུས་ཀྱི་ནུས་མིན་གྱི་འཕེལ་རྒྱས་མདུན་ལྗོངས་དང་སྲིད་ཇུས་སྒྲིག་སྲོལ། ཐོན་སློབ་ཞིབ་གསུམ་མཐུན་སྦྱོར་ཞེས་པའི་བརྗོད་དོན་ལ་དམིགས་ནས་མིས་བཟོས་རིག་ནུས་ཀྱི་འཕེལ་རྒྱས་གནས་བབ་དང་རྩལ་ནུས་འཕེལ་རྒྱས། བེད་སྤྱོད་བྱེད་ཐབས་བཅས་ཕྱོགས་ཡོངས་དང་མ་ལག་ལྡན་པ། གཏིང་ཟབ་པའི་སྒོ་ནས་འགྲེལ་ཀློག་བྱས་པར་མ་ཟད། མཚོ་སྔོན་གྱི་གནས་ཚུལ་དངོས་དང་ཟུང་འབྲེལ་གྱིས་འབྲེལ་ཡོད་གྲོས་གཞི་བཏོན།
ལུའོ་ཏུང་ཁྲོན་གྱིས་འགྲེལ་བཤད་ལ་ཉན་རྗེས་བསྟན་དོན། མིས་བཟོས་རིག་ནུས་དེ་སྐོར་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕེལ་འགྱུར་ལ་ཁྲིད་སྟོན་བྱེད་པའི་འཐབ་ཇུས་རང་བཞིན་གྱི་ལག་རྩལ་ཞིག་ཡིན་པའི་ཆ་ནས་མིའི་རིགས་ཀྱི་ཐོན་སྐྱེད་འཚོ་བའི་བྱེད་ཐབས་ལ་འགྱུར་ལྡོག་ཟབ་མོ་གཏོང་བཞིན་ཡོད། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་མིས་བཟོས་རིག་ནུས་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ་མཛུབ་སྟོན་གལ་ཆེན་དང་འཐབ་ཇུས་བཀོད་སྒྲིག་རབ་དང་རིམ་པ་གནང་ནས་མཚོ་སྔོན་གྱིས་ལྗང་མདོག་རྩིས་གློག་མཐུན་སྦྱོར་འཕེལ་རྒྱས་སྔོན་ལ་ལག་བསྟར་དང་སྔོན་ལ་ཚོད་ལྟ་བྱེད་པའི་འགན་འཁྲི་གལ་ཆེན་བསྩལ་བས། ང་ཚོས་དེར་སློབ་སྦྱོང་དང་རྒྱུས་ལོན་ཟབ་མོ་བྱེད་པ་དང་། རྒྱལ་ཁབ་ཀྱི་དགོས་མཁོ་དང་མཚོ་སྔོན་གྱི་བྱེད་ནུས་ལ་རྐང་བཙུགས་ཏེ་གནད་ཆེ་དམ་འཛིན་དང་གནད་མེད་ཟུར་འཇོག་བྱས་ནས་མིས་བཟོས་རིག་ནུས་འཕེལ་རྒྱས་གཏོང་རྒྱུ་དེ་སྤུས་གསར་ཐོན་སྐྱེད་ནུས་ཤུགས་བསྐྱེད་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐོད་བརྒལ་བྱེད་ས་གཙོ་བོར་བརྩིས་ནས་ལངས་གནས་སྔར་ལས་མཐོན་པོ་དང་མཐོང་རྒྱ་སྔར་ལས་ཡངས་པོས་མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་མིས་བཟོས་རིག་ནུས་ཐོན་ལས་སྐྱེ་ཁམས་མ་ལག་ཤུགས་ཆེན་པོས་འཛུགས་སྐྲུན་བྱེད་དགོས།
ལུའོ་ཏུང་ཁྲོན་གྱིས་ནན་གྱིས་བསྟན་དོན། ལྗང་རྩིས་ཀྱི་གཞི་རྩ་འབུར་དུ་ཐོན་པར་བྱེད་པ་དང་ལྗང་གློག་གི་འགན་སྲུང་ཇེ་དྲག་ཏུ་གཏོང་བ། ལྗང་རྩིས་ཀྱི་བཀོད་སྒྲིག་ལེགས་སྒྱུར་བྱེད་པ། མཐུན་སྦྱོར་ཕན་ནུས་མཐོར་འདེགས་གཏོང་བ་བཅས་བྱས་ཏེ་ཚན་གཞི་སྔར་ལས་མཐོན་པོས་རྒྱལ་ཁབ་ལྗང་མདོག་རྩིས་གློག་མཐུན་སྦྱོར་འཕེལ་རྒྱས་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་པ། མིས་བཟོས་རིག་ནུས་ཀྱི་རྨང་གཞི་ཇེ་བརྟན་དུ་བཏང་སྟེ་ལྗང་གློག་དགེ་མཚན་དེ་མིས་བཟོ་རིག་ནུས་ཐོན་ལས་འཕེལ་རྒྱས་ཀྱི་དགེ་མཚན་དུ་བསྒྱུར་དགོས། རྣམ་པའི་ཁྲིད་སྟོན་འབུར་དུ་ཐོན་པར་བྱེད་པ་དང་གཞི་གྲངས་ལ་བརྟེན་ནས་མིས་བཟོས་རིག་ནུས་ཀྱིས་གསར་གཏོད་འཕེལ་རྒྱས་ལ་བྱེད་ནུས་བསྩོལ་རྒྱུར་ཤུགས་སྣོན་པ། ཁྱད་ལྡན་ཅན་དང་རིན་ཐང་མཐོ་བའི་ཐོན་ནུས་གཙོ་བོ་གསོ་སྐྱོང་བྱེད་པ། མིས་བཟོས་རིག་ནུས་ལ་བརྟེན་ནས་ལས་རིགས་སྟོང་ཕྲག་མང་པོར་བྱེད་ནུས་བསྩོལ་བར་སྐུལ་འདེད་གཏོང་བ་བཅས་བྱས་ནས་མཐོ་སྒང་གི་ཁྱད་ཆོས་ལྡན་པའི་བེད་སྤྱོད་ཚད་གཞི་བསྐྲུན་དགོས། སྐྱེ་ཁམས་མཐུན་སྦྱོར་འབུར་དུ་ཐོན་པར་བྱེད་པ་དང་སྲིད་ཇུས་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་པ། སློབ་གསོ་དང་ཚན་རྩལ་འཇོན་མིའི་འདེགས་སྐྱོར་ཇེ་དྲག་ཏུ་གཏོང་བ། ཤུགས་ཆེན་པོས་ཚོང་གཉེར་ཁོར་ཡུག་ལེགས་སྒྱུར་བྱེད་པ། བདེ་འཇགས་འགོག་སྲུང་འགོག་ར་བརྟན་པོར་འཛུགས་པ། སྒོ་འབྱེད་མཉམ་རྒྱལ་གྱི་འཕེལ་རྒྱས་ཁོར་ཡུག་བསྐྲུན་པ་བཅས་བྱས་ནས་མིས་བཟོས་རིག་ནུས་དེ་ཕན་ཡོད་དང་བདེ་འཇགས། འདྲ་མཉམ་བཅས་ཀྱི་ཕྱོགས་སུ་གོ་རིམ་ལྡན་པའི་སྒོ་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས།