2026ལོའི་མཚོ་སྔོན་ཞིང་ཆེན་གྱི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་གྱི་ཆེད་དོན་བྱ་བའི་རྐྱེན་སྲོལ་དང་ཞིང་ཆེན་ཡོངས་ཀྱི་དཔལ་ཡོན་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་གྲོས་ཚོགས་བསྡུས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ4ཚེས16ཉིན། 2026ལོའི་མཚོ་སྔོན་ཞིང་ཆེན་གྱི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་གྱི་ཆེད་དོན་བྱ་བའི་རྐྱེན་སྲོལ་དང་ཞིང་ཆེན་ཡོངས་ཀྱི་དཔལ་ཡོན་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་གྲོས་ཚོགས་ཟི་ལིང་དུ་བསྡུས། གྲོས་ཚོགས་ལས་རྒྱལ་ཡོངས་ཀྱི་དྲིལ་སྒྲོག་པུའུ་ཀྲང་གྲོས་ཚོགས་དང་། རྒྱལ་ཡོངས་ཀྱི་དཔལ་ཡོན་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་པ་དང་། བྱ་བར་སྤྱི་སྡོམ་བྱས་པར་མ་ཟད། གནས་བབ་ལ་དབྱེ་ཞིབ་བྱས་ལ། བྱ་བའི་ལས་འགན་གཙོ་བོ་བཀོད་སྒྲིག་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཝང་ཏ་ནན་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད།

གྲོས་ཚོགས་ལས་བསྟན་དོན། 2025ལོར་རང་ཞིང་གི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་གྱི་གྲུབ་འབྲས་ཕུན་སུམ་ཚོགས་ཤིང་། རྩ་འཛུགས་མ་ལག་སྔར་ལས་འཐུས་ཚང་ཡིན་ལ། ཆེད་དོན་བྱ་བའི་རྐྱེན་སྲོལ་བཙུགས་པ་དང་། ལས་ཁུངས་བཞི་ཅུ་ཡིས་མཉམ་དུ་ཤུགས་བཏོན་པས་ལམ་ལུགས་འདེགས་སྐྱོར་སྔར་ལས་སྲ་བརྟན་ཡིན་ཞིང་། ཡིག་ཆ་ཁག་ཅིག་གཏན་འབེབས་བྱས། དཔལ་ཡོན་འཛུགས་སྐྲུན་བརྟན་ཐོག་ཡར་འཕེལ་བྱུང་བ་དང་གཟེངས་བསྟོད་ཀྱི་གྲངས་འབོར་ཇེ་མང་དུ་ཕྱིན། དཔལ་ཡོན་ལག་ལེན་གཏིང་ཟབ་དང་རྒྱ་བསྐྱེད་བཏང་བ་དང་བྱ་འགུལ་སྤེལ་ཐེངས་ཁྲི་བཞི་ལས་བརྒལ། དཔལ་ཡོན་གསོ་སྐྱོང་རྒྱུན་མཐུད་ངང་གཏིང་ཟབ་ཏུ་ཕྱིན་པ་དང་། དཔེ་སྟོན་མི་བཟང་རྒྱུན་ཆད་མེད་པར་ཇེ་མང་དུ་སོང་། ཡུལ་སྲོལ་དཔལ་ཡོན་རྒྱུན་མཐུད་ངང་ལེགས་ཕྱོགས་སུ་འཕེལ་བ་དང་། ཆེད་དོན་བཅོས་སྐྱོང་ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ་དཔལ་ཡོན་གྱི་དར་སྲོལ་གསར་པ་རྒྱུན་ཆད་མེད་པར་འཕེལ།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། གོ་སྐབས་ཀྱི་འདུ་ཤེས་དང་གནད་དོན་གྱི་འདུ་ཤེས། འགན་འཁྲིའི་འདུ་ཤེས་བཅས་ཇེ་དྲག་ཏུ་གཏོང་བ་དང་། རང་འགུལ་ངང་དུས་རབས་ཀྱི་དགོས་མཁོར་བསྟུན་པ། མཚོ་སྔོན་གྱི་རྣམ་པ་གསར་བའི་བཟོ་སྐྲུན་ལ་དམིགས་ནས་གཞུང་ལུགས་སྒྲོག་འགྲེལ་གཏིང་ཟབ་ཏུ་སྤེལ་ཏེ། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ལ་བརྟེན་ནས་བློ་སྒྲིལ་སེམས་སྐྱེད་བྱེད་དགོས། དཔལ་ཡོན་གསོ་སྐྱོང་ལ་དམིགས་ནས་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་དར་སྤེལ་དང་ཡུལ་སྲོལ་སྒྱུར་བ་གཏིང་ཟབ་ཏུ་གཏོང་དགོས། དཔལ་ཡོན་གསར་སྐྲུན་དམ་འཛིན་བྱས་ཏེ་རྒྱལ་ཡོངས་དཔལ་ཡོན་གྲོང་ཁྱེར་སྲ་བརྟན་མཐོར་འདེགས་སུ་གཏོང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་ལ་སྐུལ་འདེད་གཏོང་དགོས། དཔལ་ཡོན་ལག་ལེན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གཡུལ་ས་དང་དང་བླངས་པའི་དཔུང་ཁག་སྟོབས་ཆེན་དུ་གཏོང་དགོས། སྤྱོད་བཟང་ལ་བརྟེན་ནས་མི་སྣ་གསོ་སྐྱོང་བྱེད་པ་དངོས་འབེབ་བྱས་ཏེ་ནར་མ་སོན་པའི་མི་འཚར་ལོངས་འབྱུང་བར་འགན་སྲུང་བྱེད་དགོས། དཔལ་ཡོན་གསོ་སྐྱོང་དང་ལག་ལེན། གསར་སྐྲུན་ལ་གཅིག་གྱུར་འཆར་འགོད་བྱེད་པ་དང་། རྐྱེན་སྲོལ་འཐུས་ཚང་དང་མ་ལག་ལ་སྐུལ་འདེད་གཏོང་བ། སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱས་ཏེ་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་ཐད་བསམ་པའི་སྟོབས་ཤུགས་གཅིག་སྡུད་བྱེད་དགོས།

གྲོས་ཚོགས་སྟེང2025ལོའི་ཞིང་ཆེན་ཡོངས་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་གྱི་ཕུལ་བྱུང་གྱོད་དཔེ་ཁྱབ་བསྒྲགས་བྱས་པར་མ་ཟད་གྱོད་དཔེའི་བརྙན་ཐུང་བསྟན་པ་དང་ཡུལ་དངོས་ནས་འཁྲབ་སྟོན་བྱས།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།