
ཟླ4པའི་ཚེས14ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་ཀྲུང་གོར་འཚམས་འདྲིར་ཡོང་བའི་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཨ་པུའུ་ཀྲ་པི་ཡི་རྒྱལ་རྒྱུད་འཛིན་མཁན་ཧ་ལི་ཏེ་ལ་མཇལ་འཕྲད་གནང་།
ཟླ4པའི་ཚེས14ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་ཀྲུང་གོར་འཚམས་འདྲིར་ཡོང་བའི་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཨ་པུའུ་ཀྲ་པི་ཡི་རྒྱལ་རྒྱུད་འཛིན་མཁན་ཧ་ལི་ཏེ་ལ་མཇལ་འཕྲད་གནང་།
ཞི་ཅིན་ཕིང་གིས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ནི་ཀྲུང་གོའི་ཕྱོགས་ཡོངས་འཐབ་ཇུས་གྲོགས་པོ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་བར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་ཐོག་མཐའ་བར་གསུམ་དུ་ཚད་མཐོའི་མཐོང་ཆེན་བྱེད་ཀྱིན་ཡོད། ཕྱོགས་གཉིས་ཀྱི་ཐུན་མོང་གི་འབད་བརྩོན་འོག ཀྲུང་གོ་དང་ཨ་རབ་བར་གྱི་འབྲེལ་བ་བརྟན་པོ་དང་འཕེལ་རྒྱས་ཡག་པོ་འགྲོ་རྒྱུ་རྒྱུན་འཁྱོངས་བྱུང་སྟེ། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཚད་རྒྱུན་མི་ཆད་པར་གཏིང་ཇེ་ཟབ་ཏུ་སོང་བ་དང་། དངོས་སྒྲུབ་མཉམ་ལས་བརྟན་པོར་འཕེལ་རྒྱས་འགྲོ་བཞིན་ཡོད་ལ། མི་གཞུང་བརྗེ་རེས་ཕུན་སུམ་ཚོགས་པ་ཡིན། ཀྲུང་གོ་དང་ཨ་རབ་བར་གྱི་འབྲེལ་བ་སྲ་བརྟན་དང་ཇེ་ལེགས་སུ་གཏོང་རྒྱུ་ནི་ཕྱོགས་གཉིས་ཀྱི་ཐུན་མོང་ངོས་འཛིན་བརྟན་པོ་ཡིན་ལ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་རེ་སྒུག་དང་མཐུན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨ་རབ་ཕྱོགས་དང་མཉམ་དུ་ལག་གདང་སྦྲེལ་ནས། སྔར་ལས་སྲ་བརྟན་དང་གསོན་ཤུགས་ལྡན་པའི་ཀྲུང་གོ་དང་ཨ་རབ་བར་གྱི་ཕྱོགས་ཡོངས་འཐབ་ཇུས་གྲོགས་པོའི་འབྲེལ་བ་འཛུགས་འདོད་ཡོད། ཕྱོགས་གཉིས་ཀྱིས་ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་ཆེན་པོ་བྱེད་པའི་གནད་དོན་གལ་ཆེན་ཐད་མུ་མཐུད་ཕན་ཚུན་རྒྱབ་སྐྱོར་བྱེད་དགོས། མཐོ་རིམ་འགྲོ་འོང་རྒྱུན་འཁྱོངས་བྱེད་པ་དང་། འཐབ་ཇུས་ཐད་ཀྱི་ཡིད་ཆེས་བརྟན་པོར་གཏོང་དགོས། འཕེལ་རྒྱས་ཀྱི་འཐབ་ཇུས་འབྲེལ་མཐུད་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་། ནུས་ཁུངས་དང་། དངུལ་གཏོང་། ཉོ་འཚོང་། ཚན་རྩལ་སོགས་ཁྱབ་ཁོངས་སུ་སྦས་ཤུགས་སྔོག་འདོན་གཏིང་ཟབ་བྱེད་པ་དང་། གཉིས་ཕན་མཉམ་ལས་ཟབ་སྤེལ་གཏོང་དགོས། སློབ་གསོ་དང་། དམངས་སྤྱོད་མཁའ་འགྲུལ། ཡུལ་སྐོར་སོགས་ཀྱི་མཉམ་ལས་ལ་འཕེལ་རྒྱས་སྔར་ལས་ཆེན་པོ་ཡོང་བར་སྐུལ་འདེད་གཏོང་བ་དང་། མི་གཞུང་བརྗེ་རེས་ཇེ་ཟབ་ཏུ་གཏོང་བ་དང་དམངས་འདོད་རྨང་གཞི་སྲ་བརྟན་དུ་གཏོང་དགོས། མཉམ་འབྲེལ་རྒྱལ་ཚོགས་དང་གསེར་གྱོམ་རྒྱལ་ཁབ་སོགས་ཕྱོགས་མང་ལས་སྟེགས་སུ་མཐུན་སྦྱོར་དང་མཉམ་ལས་བྱེད་ཤུགས་ཇེ་ཆེ་རུ་གཏོང་བ་དང་། ཀྲུང་གོ་དང་ཨ་རབ་བར་གྱི་འབྲེལ་བའི་བརྟན་པོའི་རང་བཞིན་རྒྱབ་རྟེན་བྱས་ནས་རྒྱལ་སྤྱི་དང་ས་ཁུལ་གྱི་གནས་བབ་ཀྱི་ངེས་མེད་རང་བཞིན་གྱི་དཀའ་ཁག་སེལ་ཐབས་བྱེད་པ། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པར་མཉམ་དུ་སྐུལ་འདེད་གཏོང་དགོས་ཞེས་གསུངས།
ཕྱོགས་གཉིས་ཀྱིས་ད་སྐབས་དབུས་ཤར་དང་མཚོ་ཁུག་ས་ཁུལ་གྱི་གནས་བབ་ཐད་དགོངས་འཆར་བརྗེ་རེས་གནང་། ཞི་ཅིན་ཕིང་གིས་ཀྲུང་གོ་ཕྱོགས་ཀྱིས་བར་འདུམ་དང་གྲོས་མོལ་བྱ་རྒྱུར་སྐུལ་འདེད་གཏོང་བའི་རྩ་དོན་དང་ལངས་ཕྱོགས་ནན་བཤད་གནང་ཞིང་། དེའི་ཐད་མུ་མཐུད་དུ་ཕན་ཐོགས་ཡོད་པའི་ནུས་པ་འདོན་རྒྱུ་ཡིན་ཞེས་བསྐྱར་བསྒྲགས་གནང་།
ཞི་ཅིན་ཕིང་གིས་དབུས་ཤར་གྱི་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་དང་སྐུལ་འདེད་གཏོང་རྒྱུའི་ཐད་དགོངས་ཚུལ་ཁག་བཞི་བཏོན། གཅིག་ནི་ཞི་བདེ་མཉམ་གནས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱ་རྒྱུ། དབུས་ཤར་མཚོ་ཁུག་རྒྱལ་ཁབ་སོ་སོ་ནི་གཅིག་ལ་གཅིག་བརྟེན་དང་སྤོ་ཐབས་བྲལ་བའི་ཁྱིམ་མཚེས་ཡིན། ང་ཚོས་དབུས་ཤར་མཚོ་ཁུག་རྒྱལ་ཁབ་བར་གྱི་འབྲེལ་བ་ཇེ་ལེགས་སུ་གཏོང་རྒྱུར་རྒྱབ་སྐྱོར་བྱེད་དགོས། ཐུན་མོང་དང་ཕྱོགས་བསྡུས། མཉམ་ལས། རྒྱུན་མཐུད་བཅས་ཡིན་པའི་དབུས་ཤར་དང་མཚོ་ཁུག་ས་ཁུལ་གྱི་བདེ་འཇགས་སྒྲོམ་གཞི་འཛུགས་རྒྱུར་སྐུལ་འདེད་གཏོང་བ་དང་། ཞི་བདེ་མཉམ་གནས་ཀྱི་རྨང་གཞི་ཇེ་བརྟན་དུ་གཏོང་དགོས། གཉིས་ནི་རྒྱལ་ཁབ་ཀྱི་བདག་དབང་རྩ་དོན་རྒྱུན་འཁྱོངས་བྱ་རྒྱུ། བདག་དབང་ནི་རྒྱལ་ཁབ་སོ་སོ་དང་ལྷག་པར་དུ་རྒྱ་ཆེའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་གཞི་རྟེན་ཡིན་པས་གཞན་གྱིས་ཐེ་གཏོགས་བྱེད་མི་རུང་། དབུས་ཤར་མཚོ་ཁུག་རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། མངའ་ཁོངས་ཆ་ཚང་བཅས་ལ་བརྩི་འཇོག་ཏན་ཏིག་ཐོབ་དགོས་པ་དང་། རྒྱལ་ཁབ་སོ་སོའི་མི་སྣ་དང་། སྒྲིག་བཀོད། ལས་ཁུངས་བཅས་ཀྱི་བདེ་འཇགས་ལ་སྲུང་སྐྱོང་ཏན་ཏིག་ཐོབ་དགོས། གསུམ་ནི་རྒྱལ་སྤྱིའི་ཁྲིམས་སྐྱོང་རྩ་དོན་རྒྱུན་འཁྱོངས་བྱ་རྒྱུ། རྒྱལ་སྤྱིའི་ཁྲིམས་སྐྱོང་གི་དབང་ཟིལ་སྲུང་སྐྱོང་བྱེད་སྐབས། རང་དང་མཐུན་ན་བརྩི་བ་དང་མི་མཐུན་ཚེ་དོར་བར་བྱེད་མི་རུང་། འཛམ་གླིང་ཆེ་བས་ཆུང་བརྙས་ཀྱི་ལུགས་སུ་ལྡོག་ཏུ་འཇུག་མི་རུང་། ང་ཚོས་མཉམ་འབྲེལ་རྒྱལ་ཚོགས་སྲོག་ཤིང་ཡིན་པའི་རྒྱལ་སྤྱིའི་མ་ལག་དང་། རྒྱལ་སྤྱིའི་བཅའ་ཁྲིམས་རྨང་གཞི་ཡིན་པའི་རྒྱལ་སྤྱིའི་སྒྲིག་ལམ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས་དགོངས་དོན་དང་རྩ་དོན་བཅས་རྨང་གཞི་ཡིན་པའི་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞི་དེ་བློ་བརྟན་འགྱུར་མེད་ཀྱིས་སྲུང་སྐྱོང་བྱེད་དགོས། བཞི་ནི་འཕེལ་རྒྱས་དང་བདེ་འཇགས་གཉིས་ལ་གཅིག་གྱུར་འཆར་འགོད་རྒྱུན་འཁྱོངས་བྱ་རྒྱུ། བདེ་འཇགས་ནི་འཕེལ་རྒྱས་ཀྱི་སྔོན་འགྲོའི་ཆ་རྐྱེན་དང་འཕེལ་རྒྱས་ནི་བདེ་འཇགས་ཀྱི་འགན་སྲུང་ཡིན། ཕྱོགས་སོ་སོས་དབུས་ཤར་མཚོ་ཁུག་རྒྱལ་ཁབ་ཀྱི་འཕེལ་རྒྱས་ལ་ཁོར་ཡུག་བཟང་པོ་སྐྲུན་པ་དང་དྲང་ནུས་སྣོན་དགོས། ཀྲུང་གོ་ཕྱོགས་ཀྱིས་དབུས་ཤར་མཚོ་ཁུག་རྒྱལ་ཁབ་དང་མཉམ་དུ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་གོ་སྐབས་མཉམ་སྤྱོད་བྱེད་པ་དང་། ས་ཁུལ་འཕེལ་རྒྱས་དང་བདེ་འཇགས་ཡོང་བའི་རྨང་གཞི་བརྟན་པོ་བསྐྲུན་འདོད་ཡོད་བསྟན།
ཧ་ལི་ཏེ་ཡིས་ཨ་རབ་དང་ཀྲུང་གོ་བར་གྱི་འབྲེལ་བ་ནི་ལོ་རྒྱུས་ཡུན་རིང་ལྡན་ཞིང་རྩ་བ་ཟབ་མོ་ཡོད། རྒྱལ་ཁབ་གཉིས་ཀྱིས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་བརྩི་འཇོག་དང་ཕན་ཚུན་ཡིད་ཆེས་བྱས་ནས། ཐུན་མོང་གི་ཁེ་ཕན་རྒྱ་ཆེན་པོ་ཡོད། ཨ་རབ་ཕྱོགས་ཀྱིས་ཀྲུང་གོ་བར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་ཀྱིན་ཡོད། ཀྲུང་གོ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་བར་ཆགས་པའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་ཡག་པོ་བྱེད་པ་དང་། ཁྱབ་ཁོངས་སོ་སོའི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ཐད་སྔར་ལས་རྒྱ་ཆེ་བའི་མདུན་ལམ་བསྐྲུན་པ་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་སྐྲུན་འདོད་ཡོད། ཨ་རབ་ཕྱོགས་ཀྱིས་ཀྲུང་གོས་རྒྱལ་སྤྱིའི་ལས་དོན་ཁྲོད་འགན་འཁྲི་འཁུར་བ་དང་ཕན་ཐོགས་ཡོད་པའི་ནུས་པ་འདོན་སྤེལ་བྱེད་པ། མིག་སྔའི་དབུས་ཤར་ས་ཁུལ་གྱི་ཉམས་ཉེན་དེ་ཆབ་སྲིད་ཀྱི་ཐོག་ནས་སེལ་ཐབས་བྱེད་པར་རྗེས་སུ་ཡི་རང་ཡོད། ཨ་རབ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་འབྲེལ་འདྲིས་དང་མཐུན་སྦྱོར་དམ་པོ་བྱེད་པ་དང་། འབྲེལ་ཡོད་ཕྱོགས་ཀྱིས་དམག་མཚམས་འཇོག་པ། ས་ཁུལ་གྱི་ཞི་བདེ་གང་མགྱོགས་སླར་གསོ་བྱེད་པ། རྒྱལ་སྤྱིའི་མཚོ་ཐོག་སྐྱེལ་འདྲེན་གྱི་བདེ་འཇགས་སྲུང་སྐྱོང་བྱེད་པ། འཛམ་གླིང་དཔལ་འབྱོར་དང་ནུས་ཁུངས་བདེ་འཇགས་ལ་ཤུགས་རྐྱེན་སྔར་ལས་ཆེ་བ་མི་ཐེབས་པའི་སྔོན་འགོག་བཅས་ལ་འབད་བརྩོན་བྱེད་བཞིན་ཡོད། ཨ་རབ་ཕྱོགས་ཀྱིས་ཨ་རབ་ཏུ་ཡོད་པའི་ཀྲུང་གོའི་སྤྱི་དམངས་དང་ལས་ཁུངས་ཀྱི་བདེ་འཇགས་ཐད་སྲུང་སྐྱོང་ཏན་ཏིག་བྱ་རྒྱུ་ཡིན་ཞེས་བསྟན།
ཝང་དབྱི་གོང་གི་མཇལ་འཕྲད་ལ་ཞུགས།