དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་སློབ་གསོའི་ཉིན་མོ་སྐབས་བཅུ་གཅིག་པ་ཐོན་ལ་ཉེ་བའི་སྐབས་ཏེ། ཟླ4པའི་ཚེས14ཉིན་གྱི་སྔ་དྲོར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་ཏང་ཨུའི་རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝུའུ་ཞའོ་ཅུན་ཞིང་ཆེན་རྒྱལ་ཁབ་བདེ་འཇགས་ཐིང་དུ་སོང་ནས་རྟོག་ཞིབ་བྱས། ཁོས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྤྱིའི་རྒྱལ་ཁབ་བདེ་འཇགས་ལྟ་བའི་སྐོར་གྱི་རྒྱས་བཤད་གལ་ཆེན་དང་མཚོ་སྔོན་གྱི་བྱ་བར་བཏོན་པའི་བླང་བྱ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། མཚོ་སྔོན་གྱི་ཆེས་ཆེ་བ་གསུམ་གྱི་ཞིང་ཆེན་གྱི་ངེས་གནས་དང་སྔར་ལས་གལ་ཆེ་བ་གསུམ་གྱི་འཐབ་ཇུས་ཀྱི་གོ་གནས་ལ་རྒྱུས་ལོན་ཟབ་མོ་བྱས་ཏེ། འཕེལ་རྒྱས་དང་བདེ་འཇགས་ལ་སྔར་ལས་གཅིག་འདོམས་བྱེད་པ་དང་། རྒྱལ་ཁབ་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་མི་དམངས་ཀྱི་འགོག་ར་སྲ་བརྟན་དུ་བཏང་ནས། དེང་རབས་ཅན་གྱི་མཚོ་སྔོན་གསར་པའི་འཛུགས་སྐྲུན་ལ་བདེ་འཇགས་ཀྱི་འགན་སྲུང་འདོན་སྤྲོད་བྱེད་དགོས།
རྟོག་ཞིབ་བྱེད་སྐབས། ཝུའུ་ཞའོ་ཅུན་གྱིས་མཚོ་སྔོན་ཞིང་ཆེན་གྱི་མི་མངོན་པའི་འཐབ་རྩོད་ལོ་རྒྱུས་སློབ་གསོའི་ལྟེ་གནས་ལ་ལྟ་སྐོར་བྱས་ཏེ། གཙོ་གནད་བྱ་བའི་སྙན་ཞུར་ཉན་པ་དང་། ལས་ཡུལ་དང་པོའི་ལས་བྱེད་པ་དང་ཉེན་རྟོག་པར་འཚམས་འདྲི་བྱས་ནས། ཞིང་ཆེན་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱི་བྱ་བར་ཁས་ལེན་གང་ལེགས་བྱས་པར་མ་ཟད། ཚང་མས་ཁེ་གྲགས་མི་གཉེར་བར་ལྷག་བསམ་རྣམ་དག་གིས་བྱ་བ་སྒྲུབ་པར་བླ་མེད་གུས་འདུད་ཞུས།
ཝུའུ་ཞའོ་ཅུན་གྱིས་ནན་གྱིས་བསྟན་དོན། ད་ལོ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ105འཁོར་བའི་ལོ་ཡིན་ལ། ལོ་ལྔའི་འཆར་འགོད་བཅོ་ལྔ་པ་འགོ་རྩོམ་པའི་ལོའང་ཡིན་པས། རྒྱལ་ཁབ་བདེ་འཇགས་བྱ་བ་ལེགས་པོར་སྒྲུབ་པའི་འགན་འཁྲི་ཧ་ཅང་ལྕི། མཚོ་སྔོན་ནི་ཞིན་ཅང་དང་བོད་ལྗོངས་བརྟན་འཇགས་སུ་གཏོང་བའི་འཐབ་ཇུས་གནས་ཡུལ་ཡིན་ལ། བདེ་འཇགས་ནི་སྔོན་འགྲོ་དང་འཕེལ་རྒྱས་ནི་འགན་སྲུང་ཡིན། སྤྱིའི་རྒྱལ་ཁབ་བདེ་འཇགས་ལྟ་བ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། གནས་བབ་གསར་པའི་འོག་གི་རྒྱལ་ཁབ་བདེ་འཇགས་ཀྱི་བྱ་བའི་ལས་འགན་གསར་པ་དང་བླང་བྱ་གསར་པར་ཡང་དག་སྒོས་རྒྱུས་ལོན་བྱེད་པ། རྒྱལ་ཁབ་ཀྱི་ཆབ་སྲིད་བདེ་འཇགས་མཐའ་གཅིག་ཏུ་སྲུང་སྐྱོབ་བྱེད་པ་དང་། ཉེན་ཁ་དང་འགྲན་རྩོད་མང་པོ་འགོག་སེལ་བཅས་བྱས་ཏེ། རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་བརྟན་འཇགས་ལ་སྲུང་སྐྱོབ་བྱེད་པའི་ནུས་པ་ཇེ་ཆེ་དང་ཆུ་ཚད་ཇེ་མཐོར་གཏོང་དགོས། དྲིལ་སྒྲོག་སློབ་གསོའི་རྣམ་པ་གསར་སྒྱུར་བྱེད་པ་དང་། རྒྱལ་ཁབ་བདེ་འཇགས་ཀྱི་སློབ་གསོ་དེ་ལས་ཁུངས་དང་གྲོང་གསེབ། སྡེ་ཁུལ། སློབ་ར། ཁེ་ལས། དམག་སྒར་བཅས་སུ་བསྐྱོད་པར་སྐུལ་འདེད་བཏང་ནས། རྒྱལ་ཁབ་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་མཉམ་ཤུགས་ཆེན་པོ་གཅིག་སྡུད་བྱེད་དགོས། ཏང་གིས་རྒྱལ་ཁབ་བདེ་འཇགས་བྱ་བར་མཐའ་གཅིག་ཏུ་འགོ་ཁྲིད་པ་རྒྱུན་འཁྱོངས་དང་། སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་ལེན་དུ་བསྟར་བའི་སློབ་སྦྱོང་སློབ་གསོ་སྤེལ་བ་གོ་སྐབས་སུ་བརྩིས་ནས། ཆེད་ལས་ཅན་གྱི་ཆུ་ཚད་མཐོར་འདེགས་དང་སྤྱོད་ཚུལ་ལེགས་ཤོས་སྦྱོང་བརྡར་བྱས་ཏེ། དུས་རབས་གསར་བའི་རྒྱལ་ཁབ་བདེ་འཇགས་ཀྱི་ཧྲག་དམག་སྒྲིག་འཛུགས་བྱེད་དགོས།
ལིའུ་ཆི་ཧྥན་དང་ལི་ཧུང་ཡ་རྟོག་ཞིབ་ལ་ཞུགས།