ཉེ་ལམ། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྟོག་ཞིབ་ཚོགས་པ་མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་དང་། ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུའུ་སོགས་སྡེ་ཁག་དུ་སོང་ནས་རྟོག་ཞིབ་བྱས།
རྟོག་ཞིབ་ཚན་ཆུང་གིས་ཟི་ལིང་གྲོང་ཁྱེར་མཁར་ནུབ་ཁུལ་ལྗང་མདོག་ཐོན་ལས་གསོ་སྐྱོང་ཞབས་ཞུ་ལྟེ་གནས་སོགས་སུ་ཡུལ་དངོས་རྟོག་ཞིབ་བྱེད་སྐབས། ལས་ཞུགས་བརྟན་འཇགས་སྲིད་ཇུས་ལག་བསྟར་གྲུབ་འབྲས་དང་ལས་རིགས་རྩལ་ནུས་མཐོར་འདེགས་བཏང་བའི་གྲུབ་འབྲས་དངོས་སོགས་ལ་རྒྱུས་ལོན་ཞིབ་མོ་བྱས། རྟོག་ཞིབ་ཚན་ཆུང་གིས་ལས་ཞུགས་རྣམ་པ་གསར་པའི་ངལ་རྩོལ་པ་ཞབས་ཞུ་འགན་སྲུང་གི་གཙོ་གནད་མི་ཚོགས་སུ་བརྩིས་ནས་གྲུབ་འབྲས་ལ་ཁས་ལེན་བྱེད་དགོས་པར་མ་ཟད། ལམ་ལུགས་སྦྲེལ་མཐུད་ཁྲོད་ཀྱི་དཀའ་གནད་ལ་མཐོང་ཆེན་བྱེད་དགོས། སྤྱི་ཚོགས་འགན་སྲུང་མ་ལག་སྔར་ལས་འཐུས་ཚང་དུ་བཏང་ནས་འགན་སྲུང་ནང་ཞུགས་པའི་ཞན་ཆ་མེད་པར་བྱས་ཏེ་ངལ་རྩོལ་པའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བཟང་བོ་བྱེད་དགོས་ཞེས་བསྟན།
རྟོག་ཞིབ་ཚན་ཆུང་གིས་ཟི་ལིང་གྲོང་ཁྱེར་ལིའུ་ཅ་ཀྲེ་ཕིན་ཁྲེང་ཞིང་ཞོར་ཕྱོགས་བསྡུས་ཁྲོམ་ར་སོགས་སུ་ཡུལ་དངོས་རྟོག་ཞིབ་བྱེད་སྐབས། སྒེར་གྱི་བཟོ་ཚོང་ཁྱིམ་ཚང་དང་། ཁེ་ལས་འབྲིང་ཆུང་དང་ཆེས་ཆུང་གྲས་ཀྱི་ལས་ཞུགས་བརྟན་པོ་དང་ལས་ཞུགས་རྒྱ་སྐྱེད་ལ་རྒྱབ་སྐྱོར་བྱེད་པའི་བྱེད་ཐབས་དོན་འཁྱོལ་བྱས་པའི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས། རྟོག་ཞིབ་ཚན་ཆུང་གིས་སྲིད་ཇུས་བཟང་བོས་ཁྲོམ་རའི་གཙོ་གཞིར་ཁེ་ཕན་ཐོབ་པར་བྱས་ནས་འཕེལ་རྒྱས་ཀྱི་སྦས་ཤུགས་མངོན་པར་བྱེད་པ་དང་། སྲིད་ཇུས་ཀྱི་གྲུབ་འབྲས་དངོས་ལ་བརྟེན་ནས་ཁྲོམ་ར་བརྟན་པར་བྱེད་པ་དང་ལས་ཞུགས་ལ་འགན་སྲུང་བྱེད་པ། དམངས་འཚོར་སྲུང་སྐྱོབ་བྱེད་པ་བཅས་བྱས་ནས་ས་གནས་དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཁྲོམ་རའི་ལྟ་སྐུལ་དོ་དམ་གཞི་རྩ་སྲ་བརྟན་དུ་གཏོང་དགོས་ཞེས་ནན་གྱིས་བསྟན།
རྟོག་ཞིབ་ཚན་ཆུང་གིས་དམངས་ཆེན་བྱ་བས་ངེས་པར་དུ་ཡུལ་བབ་དང་བསྟུན་པ་དང་དམངས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱེད་པ། དམངས་ཀྱི་བློ་གྲོས་གཅིག་བསྡུས་བཅས་བྱེད་དགོས། གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ་ལས་ཡུལ་དང་པོའི་གནས་ཚུལ་དངོས་དང་སྲིད་ཇུས་ཀྱི་དགོས་མཁོ་ལེགས་སྒྲིག་གསལ་བོ་བྱས་ནས་གཞི་རིམ་གྱི་རེ་འདུན་མངོན་པར་བྱེད་པ་དང་གནད་དོན་ཐག་གཅོད་པའི་བྱེད་ཐབས་བཙལ་ཏེ་སྲིད་འབྲས་ལྟ་བ་ཡང་དག་ལ་བརྟེན་ནས་སྤྱི་ཚོགས་འཛུགས་སྐྲུན་ཁྱབ་ཁོངས་ཀྱི་དམངས་ཆེན་བྱ་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཁྲིད་སྟོན་བྱེད་དགོས་ཞེས་ནན་གྱིས་བསྟན།