ཟླ4པའི་ཚེས8ཉིན། ཞིང་ཆེན་ཡོངས་ཀྱི2025ལོའི་དམིགས་འབེན་འགན་འཁྲིའི་དཔྱད་ཞིབ་སྤྱི་སྡོམ་དང་བྱ་བའི་སྐུལ་སྤེལ་ཚོགས་འདུ་ཟི་ལིང་དུ་བསྡུས་པ་དང་། ཚོགས་འདུ་ལས2025ལོའི་དམིགས་འབེན་འགན་འཁྲིའི་དཔྱད་ཞིབ་མཇུག་འབྲས་ཁྱབ་བསྒྲགས་བྱས་ཤིང་། བྱ་བར་སྤྱི་སྡོམ་བྱས་པར་མ་ཟད། ལས་འགན་བཀོད་སྒྲིག་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྩ་འཛུགས་པུའུ་ཡི་པུའུ་ཀྲང་། ཞིང་ཆེན་དཔྱད་ཞིབ་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་ཚའོ་ཅུན་གྱིས་གཏམ་བཤད་པ་དང་། ཧྲིན་ཀྲང་གཞོན་པ། ཞིང་ཆེན་དཔྱད་ཞིབ་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་ལིའུ་ཁྲའོ་ཡིས་འགོ་འཛིན་བྱས།
ཚའོ་ཅུན་གྱིས་ནན་གྱིས་བསྟན་དོན། 2026ལོ་ནི་ལོ་ལྔའི་འཆར་འགོད་བཅོ་ལྔ་པ་མགོ་རྩོམ་པའི་ལོ་ཡིན་ལ། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་གནད་འགག་གི་ལོ་ཞིག་ཡིན་པས། ལངས་གནས་སྔར་ལས་མཐོན་པོར་བརྟེན་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུངས་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གང་ལེགས་བྱེད་པ་དང་། ཚད་གཞི་སྔར་ལས་ནན་མོར་བརྟེན་ནས་སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱེད་པ། འགན་འཁྲི་སྔར་ལས་ཆེན་པོར་བརྟེན་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལེགས་པོ་བྱེད་པ། ཆོད་སེམས་སྔར་ལས་ཆེན་པོར་བརྟེན་ནས་ཆབ་སྲིད་བདེ་འཇགས་དང་སྤྱི་ཚོགས་བརྟན་འཇགས་ལ་སྲུང་སྐྱོང་བྱེད་པ། བྱེད་ཐབས་སྔར་ལས་ལེགས་པོར་བརྟེན་ནས་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྲིད་འབྲས་དཔྱད་ཞིབ་མ་ལག་འཐུས་ཚང་དུ་གཏོང་བ་དང་། དཔྱད་ཞིབ་བྱ་བའི་དམིགས་གཏད་རང་བཞིན་དང་ཚན་རིག་རང་བཞིན་ངེས་པ་དོན་གྱིས་མཐོར་འདེགས་སུ་གཏོང་བ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་བློ་རྩེ་གཅིག་སྒྲིམ་གྱིས་ལས་སྒྲུབ་ལས་གཏོད་དང་དཔའ་བསྐྱེད་ཁག་ཁུར་གྱིས་དངོས་སྒྲུབ་སྔོན་བརྩོན་བྱེད་པར་ཁྲིད་སྟོན་བྱས་ཏེ། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་ཁྲོད་ཁག་ཁུར་གསར་པ་མངོན་པ་དང་བྱས་རྗེས་གསར་པ་འཇོག་དགོས།
ལིའུ་ཁྲའོ་ཡིས་ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་དཔྱད་ཞིབ་བྱ་བ་དེ་འགོ་ཁྲིད་ཚན་ཁག་དང་རྒྱ་ཆེའི་ལས་བྱེད་པའི་ཆབ་སྲིད་ནུས་པ་མཐོར་འདེགས་དང་། སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱེད་ནུས་གལ་ཆེན་ཡིན་པར་ངོས་འཛིན་གཏིང་ཟབ་བྱེད་པ་དང་། ཚོགས་འདུ་ལས་བཏོན་པའི་བཀོད་སྒྲིག་གསར་པ་དང་བླང་བྱ་གསར་པ་དོན་འཁྱོལ་ནན་ཏན་བྱེད་པ། གདེང་འཇོག་མ་ལག་མུ་མཐུད་དུ་འཐུས་ཚང་དུ་གཏོང་བ། དཔྱད་ཞིབ་བྱེད་ཐབས་གསར་གཏོད་བྱེད་པ། མཇུག་འབྲས་འཁོར་སྐྱོད་ཇེ་དྲག་ཏུ་གཏོང་བ། དཔྱད་ཞིབ་ཀྱི་བཀོད་འདོམས་ནུས་པ་དང་ཕྱོགས་སྟོན་ནུས་པ། སྐུལ་འདེད་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ཆུ་ཚད་མཐོ་བའི་དཔྱད་ཞིབ་ལ་བརྟེན་ནས་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཁྲིད་སྟོན་དང་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན།
ཚོགས་འདུའི་སྟེང་ས་ཁུལ་དང་ལས་ཁུངས་བཞི་ཡིས་བརྗེ་རེས་གཏམ་བཤད་སྤེལ།