ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་ཏུ་བསྟར་བའི་སློབ་སྦྱོང་སློབ་གསོ་སྤེལ་བའི་ཚུན་ལ། ཀྲུང་དབྱང་གིས་དོ་དམ་བྱེད་པའི་ཁེ་ལས་དང་ཀྲུང་དབྱང་གིས་དོ་དམ་བྱེད་པའི་དངུལ་རྩའི་ཁེ་ལས་ཀྱིས“སྤྱི་དོན་དུ་ཏང་འཛུགས་པ་དང་། དམངས་ལ་བདེ་སྐྱིད་བསྐྲུན་པ། ཚན་རིག་དང་མཐུན་པར་ཇུས་ཐག་གཅོད་པ། དམ་པ་དོན་གཉེར”བཅས་ཀྱི་སྤྱིའི་བླང་བྱ་དང་བསྡུར་ནས། སློབ་བཤེར་བསྒྱུར་གསུམ་གྱི་བྱ་བ་མཉམ་དུ་བསྒྲུབ་སྟེ། སློབ་སྦྱོང་ལ་གོ་བ་ཟབ་མོ་ལེན་པ་དང་། སྦྱོང་སྤྱོད་ཟུང་འབྲེལ་བྱས་ནས། སློབ་སྦྱོང་སློབ་གསོ་གཏིང་ཟབ་ཏུ་སྤེལ་བ་དང་ཕན་ནུས་དངོས་ཐོན་པར་སྐུལ་འདེད་བཏང་།
ཀྲུང་གོའི་འབྲི་ཆུའི་འགག་གསུམ་སྡེ་ཚོགས་ཀྱིས་སློབ་སྦྱོང་སློབ་གསོའི་ལས་དོན་གྱི་ཆེད་སྒྲིག་ཆེད་དོན་ཚོགས་འདུ་བསྡུས་ཏེ། སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་ལེན་བསྟར་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ཏེ། དམིགས་གཏད་རང་བཞིན་གྱི་བྱེད་ཐབས་བཟོས་ནས། ཕྱོགས་བཅུའི་ཐད་ཀྱི་ལས་དོན་བཀོད་སྒྲིག་ཁག36ཞིབ་ཚགས་སུ་བཏང་།
ཀྲུང་གོའི་འབྲི་ཆུའི་འགག་གསུམ་སྡེ་ཚོགས་འབྲི་ཆུའི་འགག་གསུམ་ནུས་ཁུངས་ཏང་ཨུའི་ཧྲུའུ་ཅི་ཀྲུའུ་ཁྲེང་ཅུན་གྱིས་བཤད་རྒྱུར། ང་ཚོས“གཏན་ཕབ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ་དང་། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ལེགས་པར་སྒྲུབ་སྟེ། དམངས་ལ་བདེ་སྐྱིད་སྐྲུན་རྒྱུ་ནི་སྲིད་འབྲས་ཆེ་ཤོས་ཡིན་པ་དེ་བློ་ལ་བརྟན་པོར་བཅངས་ནས། སློབ་སྦྱོང་སློབ་གསོའི་ཕན་འབྲས་དེ་ནུས་ཁུངས་གསར་པ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱ་སྤྱོད་དངོས་ཀྱི་སྟེང་མངོན་པར་བྱས་ནས། མི་དམངས་མང་ཚོགས་ལ་སྔར་ལས་བདེ་འཇགས་དང་། ནུས་མཐོ། དག་གཙང་གི་ལྗང་མདོག་ནུས་ཁུངས་ཤིག་འབད་པས་མཁོ་འདོན་བྱེད་ཀྱིན་ཡོད།
ཀྲུང་གོའི་གློག་འཕྲིན་སྡེ་ཚོགས་ཀྱིས་ཟབ་སྦྱོང་དང་། ཞིབ་བཤེར། དག་བཅོས་བཅས་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཁེ་ལས་ཀྱི་འགན་འཁྲིར་རྩེ་གཅིག་ཏུ་དམིགས་ནས་སློབ་སྦྱོང་སློབ་གསོ་དང་ལྟེ་བའི་བྱ་བ་ཟུང་འབྲེལ་དམ་པོས། གཙོ་གནད་ལས་དོན་ཁག་བཅུ་བདུན་བཟོས་ནས་བཀོད་སྒྲིག་བྱས་ཏེ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པར་སྲིད་འབྲས་ལྟ་བ་ཡང་དག་བརྟན་པོ་འཛུགས་པ་དང་ལག་བསྟར་སློབ་གསོའི་ཁྲིད་སྟོན་བྱས།
ཀྲུང་གོ་གློག་འཕྲིན་སྡེ་ཚོགས་ཀྱི་ཏང་དང་མང་ཚོགས་ལས་དོན་པུའུ་ཡི་ཀྲུའུ་རེན་ཏའེ་པིན་གྱིས་བཤད་རྒྱུར། ཀྲུང་གོ་གློག་འཕྲིན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འཐབ་ལམ་གསར་པའི་སྟེང་གནང་བའི་ཀྲུང་དབྱང་ཁེ་ལས་ཀྱི་འགན་འཁྲི་དང་ལས་འགན་ལ་གོ་བ་གཏིང་ཟབ་བླངས་ནས། སྲིད་འབྲས་ལྟ་བ་ཡང་དག་ལ་བརྟེན་ནས་དྲ་རྒྱའི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་དང་། གྲངས་འཛིན་ཀྲུང་གོ དྲ་འཕྲིན་བདེ་འཇགས་སྲུང་སྐྱོབ་བཅས་བྱེད་པའི་འགན་འཁྲི་ལེགས་པར་བསྒྲུབ་སྟེ། ཞབས་ཞུ་ཅན་དང་ཚན་རྩལ་ཅན། བདེ་འཇགས་ཅན་གྱི་ཁེ་ལས་ནུས་ཤུགས་ཡོད་རྒུས་གཏོད།
སློབ་སྦྱོང་སློབ་གསོ་སྤེལ་འགོ་ཚུགས་པའི་ཚུན་ལ། ལྷོ་ཕྱོགས་གློག་དྲའི་ཀུང་སིས་གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ནས། གཙོ་གནད་ལས་དོན་ཁག14དང་ཞིབ་ཕྲའི་ལས་འགན30དོན་འཁྱོལ་དང་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་ཏན་ཏིག་བཏང་སྟེ། ནུས་ཁུངས་གློག་ཤུགས་ལས་རིགས་ཀྱི་ཁྱད་ཆོས་དང་ཁེ་ལས་རང་ངོས་ཀྱི་དོན་དངོས་ལ་ཟུང་འབྲེལ་བྱས་ནས། སློབ་སྦྱོང་གི་གྲུབ་འབྲས་དེ་ལས་དོན་ལ་སྐུལ་འདེད་གཏོང་བའི་ཞིབ་ཕྲའི་བྱ་སྤྱོད་དུ་བསྒྱུར་རྒྱུ་རེད།
ལྷོ་ཕྱོགས་གློག་དྲའི་ཀུང་སིའི་འཐབ་ཇུས་འཆར་འགོད་པུའུ་ཡི་སྤྱི་གཉེར་པ་ལུའུ་ཝན་ཁུན་གྱིས་བཤད་རྒྱུར། ང་ཚོས་སྲིད་འབྲས་ལྟ་བ་ཡང་དག་ལ་བརྟེན་ནས་འཕེལ་རྒྱས་ཀྱི་ལྟ་བ་དག་བཅོས་དང་། ནུས་ཁུངས་མ་ལག་གསར་པ་དང་གློག་ཤུགས་མ་ལག་གསར་པ་འཛུགས་སྐྲུན་ཁྲོད་འཕྲད་པའི་འགྲན་སློང་གསར་པ་དང་གནད་དོན་གསར་པར་དབྱེ་ཞིབ་གཏིང་ཟབ་བྱས། ནུས་ཁུངས་ཀྱི་གྲངས་འཛིན་དང་གློག་ཐཱན་གློག་རྩིས་སོགས་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་གསོ་སྐྱོང་དང་རྒྱ་སྐྱེད་བཏང་སྟེ། མི་དམངས་མང་ཚོགས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བའི་གློག་སྤྱོད་དགོས་མཁོ་ཏན་ཏིག་གིས་སྐོང་དགོས།
ཀྲུང་ཞིན་སྡེ་ཚོགས་ཀྱིས་སློབ་སྦྱོང་སློབ་གསོའི་ཁྲོད། སྤྱིའི་བླང་བྱ་ཁོང་དུ་ཆུད་པར་བྱས་ནས། དོན་དངོས་དང་ཟུང་འབྲེལ་སྒོས་ཏང་འཛུགས་སྐྱོང་ལ་ཁྲིད་སྟོན་བྱེད་པའི་ཆེད་དོན་ལས་དོན་སྤེལ་བ་དང་། ལས་བྱེད་པ་དར་གཞོན་རྩ་འཛུགས་བྱས་ཏེ་ཞིབ་བསྡུར་བརྗེ་རེས་བྱས་ནས། གཞི་རིམ་དམ་འཛིན་དང་རྨང་གཞི་འདིང་བ། ཞན་ཆ་གསབ་པ། ཉམས་ཞན་སྟོབས་སྤེལ་བཅས་བྱས།
ཀྲུང་ཞིན་སྡེ་ཚོགས་ཏང་ཨུའི་རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཝེ་ཆང་གིས་བཤད་རྒྱུར། ང་ཚོས་སློབ་སྦྱོང་སློབ་གསོ་ཏན་ཏིག་སྤེལ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ཞིབ་བསྡུར་བྱས་ཏེ། སྡེ་ཚོགས་ཀྱི“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འཆར་འགོད་ཞིབ་ཚགས་བཟོས་པ་དང་། དངུལ་རྩས་དངོས་ཕུང་དཔལ་འབྱོར་ལ་ཞབས་འདེགས་ཞུ་བའི་ཐད་ནས་བྱས་རྗེས་གསར་པ་འཇོག་པ། སྤུས་གསར་ཐོན་སྐྱེད་ནུས་ཤུགས་གསོ་སྐྱོང་བྱེད་པའི་ཐད་ནས་སྒུལ་ཤུགས་གསར་པ་སྐུལ་སློང་བྱེད་པ། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ལ་ཞབས་འདེགས་ཞུ་བའི་ཐད་ནས་འགན་འཁྲི་གསར་པ་མངོན་ཟེར།
རྒྱལ་ཁབ་གསར་སྤེལ་དངུལ་ཁང་ཏང་ཨུས་དངུལ་ཁང་ཡོངས་ཀྱི་སློབ་སྦྱོང་སློབ་གསོའི་ལག་བསྟར་ཇུས་གཞི་བཟོས་ནས། ནུས་ཤུགས་ཡོད་རྒུས་གནད་དོན་འབུར་ཐོན་ཐག་གཅོད་བྱས། དངུལ་ཁང་ཡོངས་ཀྱིས་འགན་ནུས་གནས་ཐིག་གཏན་འཁེལ་བྱེད་པར་ཤུགས་བསྣན་ནས། འགན་འཁྲི་གཙོ་བོ་དང་ལས་རིགས་གཙོ་བོར་དམིགས་ཏེ་ཡུལ་བབ་དང་བསྟུན་ནས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བ་དང་དམངས་འཚོ་འགན་སྲུང་སོགས་ཁྱབ་ཁོངས་ཀྱི་སྤུས་ལེགས་དངུལ་རྩའི་ཞབས་ཞུ་ལ་སྔར་ལས་ཤུགས་བསྣན།
རྒྱལ་ཁབ་གསར་སྤེལ་དངུལ་ཁང་ཏང་ཨུའི་རྩ་འཛུགས་པུའུ་ཡི་པུའུ་ཀྲང་གཞོན་པ་ཀྲང་ཀྲའོ་ཡིས་བཤད་རྒྱུར། སྲིད་འབྲས་ལྟ་བའི་ནོར་འཛོལ་གྱི་གནད་དོན་གཙོ་བོའི་གསལ་ཐོ་དང་ཞིབ་བསྡུར་བྱས་ཏེ། སྲིད་འབྲས་ལྟ་བ་ཡང་དག་ལས་སྒོའི་བརྒྱུད་རིམ་ཧྲིལ་པོར་གཏིང་ཟབ་ཏུ་འདྲེས་པར་སྐུལ་འདེད་བཏང་བ་དང་། རྒྱལ་ཁབ་ཀྱི་དགོས་མཁོ་དང་དམངས་ཀྱི་རེ་སྒུག་ལ་དམིགས་ནས་དངུལ་རྩའི་ཐོན་ཁུངས་གནད་འཁེལ་བཀོད་སྒྲིག་བྱས་ཤིང་། སྤུས་ཚད་མཐོ་བའི་དངུལ་རྩའི་ཞབས་ཞུར་བརྟེན་ནས“ལོ་ལྔའི་འཆར་འགོད་བཅོ་ལྔ་བ”འགོ་ཡག་པོ་ཅིག་རྩོམ་པར་རམ་འདེགས་བྱས་ཟེར།
ཀྲུང་གོའི་གཏེར་རྫས་ཐོན་ཁུངས་སྡེ་ཚོགས་ཀྱིས་སློབ་སྦྱོང་སློབ་གསོའི་བྱ་བའི་ཇུས་གཞི་ཞིབ་འཇུག་བྱས་ནས་བཟོས་ཏེ། ཕྱོགས9ཐད་ཀྱི་གཙོ་གནད་ལས་དོན་ཁག25བཀོད་སྒྲིག་ཞིབ་ཕྲ་བྱས་པ་དང་། སྲིད་འབྲས་ལྟ་བའི་ཐད་གནས་པའི་གནད་དོན་འཚོལ་ཞིབ་གཏིང་ཟབ་བྱས་ནས། འཛམ་གླིང་གི་རྩེར་སོན་གཏེར་ཁའི་ཐོན་ཁུངས་ཕྱོགས་བསྡུས་ཞབས་ཞུའི་ཁེ་ལས་འཛུགས་སྐྲུན་བྱེད་པར་འགན་སྲུང་ནུས་ལྡན་བྱས།
ཀྲུང་གོའི་གཏེར་རྫས་ཐོན་ཁུངས་ཚོགས་པའི་ཏང་ཙུའུ་ཧྲུའུ་ཅི་གཞོན་པ་ཀའོ་ཞའོ་ཡུས་ཀྱིས་བཤད་རྒྱུར། ཀྲུང་གོའི་གཏེར་རྫས་ཐོན་ཁུངས་སྡེ་ཚོགས་ཀྱིས་སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་ལེན་བསྟར་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ། ཞིབ་བཤེར་བྱེད་ཞོར་ལེགས་བཅོས་དང་འཕྲལ་སྒྲུབ་འཕྲལ་བཅོས་བྱས་ནས། བདེ་འཇགས་དང་ནུས་མཐོ། མཉམ་རྒྱལ། རྒྱུན་མཐུད་བཅས་ཀྱི་གཏེར་ཁའི་ཐོན་ཁུངས་ཀྱི་ཐོན་ལས་མུ་ཕྲེང་དང་མཁོ་སྤྲོད་མུ་ཕྲེང་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ། འཐབ་ཇུས་རང་བཞིན་གྱི་གཏེར་ཁའི་ཐོན་ཁུངས་ཀྱི་བདེ་འཇགས་འགན་སྲུང་ནུས་པ་རྒྱུན་ཆད་མེད་པར་ཇེ་མཐོར་བཏང་ཟེར། །