ཟླ4བའི་ཚེས2ཉིན། ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི། ཧྲིན་ཀྲང་ལའོ་ཏུང་ཁྲོན་གྱིས་འགོ་འཛིན་བྱས་ཏེ་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་གྲོས་ཚོགས་དང་རྒྱུན་ལས་གྲོས་ཚོགས་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉེ་ལམ་གནང་བའི་གསུང་བཤད་གལ་ཆེན་དང་རྟེན་འབྲེལ་འཕྲིན་ཡིག ཀྲུང་དབྱང་གི་གྲོས་ཚོགས་གལ་ཆེན་གྱི་དགོངས་དོན་བཅས་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པར་མ་ཟད། ཞིང་ཆེན་ཏང་ཨུའི་བླང་བྱ་དོན་འཁྱོལ་བྱས་ཏེ། སློབ་སྦྱོང་སློབ་གསོ་དང་དཔལ་འབྱོར་འཁོར་སྐྱོད། བདེ་འཇགས་བརྟན་བརླིང་སོགས་ཀྱི་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས།
ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་གྲོས་ཚོགས་ལས་ཟླ3པའི་ཚེས27ཉིན་གྱི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་གྲོས་ཚོགས་དགོངས་དོན་དང་། སྤྱི་ཁྱབ་ཧྲུའུ་ཅིུ་ཞི་ཅིན་ཕིང་གིས་ཧི་པའེ་ཞུང་ཨན་ཁུལ་གསར་དུ་རྟོག་ཞིབ་མཛད་སྐབས་ཁོང་གིས་འགོ་འཛིན་གནང་སྟེ་བསྡུས་པའི་ཞུང་ཨན་ཁུལ་གསར་གྱི་སྤུས་ཚད་མཐོ་བའི་འཛུགས་སྐྲུན་དང་འཕེལ་རྒྱས་ལ་སྐུལ་འདེད་གཏིང་ཟབ་བྱེད་པའི་བཞུགས་མོལ་གྲོས་ཚོགས་སྟེང་གནང་བའི་གསུང་བཤད་གལ་ཆེན། རྒྱལ་སའི་འོས་འགན་སྡོང་འཛུགས་ཀྱི་བྱ་འགུལ་ལ་ཞུགས་སྐབས་གནང་བའི་གསུང་བཤད་གལ་ཆེན་དང་འཛམ་གླིང་གཞི་གྲངས་རྩ་འཛུགས་དབུ་བརྙེས་པར་ཕུལ་བའི་རྟེན་འབྲེལ་འཕྲིན་ཡིག་གི་དགོངས་དོན་བཅས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས། གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ཏང་གི་ཁྱོན་ཡོངས་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་། ཆབ་སྲིད་ཀྱི་ཡིད་ཆེས་སྲ་བརྟན་དུ་གཏོང་བ། སྔར་བས་བློ་བརྟན་འགྱུར་མེད་ཀྱིས་ཏང་ཀྲུང་དབྱང་གི་ཐག་གཅོད་བཀོད་སྒྲིག་གལ་ཆེན་ལག་ལེན་མཐར་ཕྱིན་བྱས་ཏེ། བྱ་སྤྱོད་དངོས་ལ་བརྟེན་ནས“གཏན་ཕབ་གཉིས”ལ་གོང་བཀུར་དང“སྲུང་སྐྱོང་གཉིས”ལེགས་པོར་སྒྲུབ་དགོས། རང་འགུལ་གྱིས་རྒྱལ་ཁབ་ཀྱི་གཙོ་གནད་ས་ཁོངས་ཀྱི་ཐབས་ཇུས་ལ་ཞིབ་འཇུག་སྦྲེལ་མཐུད་བྱས་ནས། སྤྱི་ཡོངས་ལ་ཞབས་ཞུ་དང་མཉམ་འདྲེས་བྱེད་པའི་ཁྲོད་ངེས་གནས་གཏན་ཁེལ་ཡང་དག་དང་རང་འགུལ་བརྩོན་ལེན་བྱེད་དགོས། ཏན་ཏིག་གིས་དམངས་ཡོངས་ཀྱི་འོས་འགན་སྡོང་འཛུགས་དང་རྒྱལ་ཁོངས་ལྗང་བསྒྱུར་འགུལ་སྤྱོད་སྤེལ་ཏེ། གནས་བབ་དང་བསྟུན་ནས་ལྗང་སྣོན་བྱ་བ་སྣ་ཚོགས་ལེགས་པོར་སྒྲུབ་དགོས། གཞི་གྲངས་དཔལ་འབྱོར་གྱི་འཕེལ་རྒྱས་གོ་སྐབས་དམ་འཛིན་བྱས་ཏེ། མགྱོགས་མྱུར་ངང་མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་གཞི་གྲངས་ཐོན་ལས་གསོ་སྐྱོང་དང་སྟོབས་ལྡན་དུ་གཏོང་དགོས།
གྲོས་ཚོགས་ལས་ཉེ་ལམ་ཀྲུང་དབྱང་གིས་ཡང་དག་པའི་སྲིད་འབྲས་ལྟ་བ་འཛུགས་པ་དང་ལག་བསྟར་བྱེད་པའི་སློབ་སྦྱོང་སློབ་གསོའི་འབྲེལ་ཡོད་ཡིག་ཆའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པར་མ་ཟད། བགྲོ་གླེང་དང་བརྗེ་རེས་བྱས། གྲོས་ཚོགས་ལས་ནན་གྱིས་བསྟན་དོན། “སྤྱི་དོན་དུ་ཏང་འཛུགས་པ་དང་། དམངས་དོན་དུ་སྲིད་སྐྱོང་བའི”བླང་བྱ་གཙོ་བོ་དམ་འཛིན་ནན་མོ་བྱེད་པ། “འོས་འཚམ་གྱི་ཐག་གཅོད་དང་། དངོས་སྒྲུབ་དམ་འཛིན་བྱེད་པའི”ལག་ལེན་གྱི་བླང་བྱ་བརྟན་སྲུང་བྱེད་པ་བཅས་བྱས་ཏེ། སྔར་བས་སྟོབས་ཤུགས་ཆེན་པོས་སློབ་སྦྱོང་གཏིང་ཟབ་དང་ཞིབ་བཤེར་ནན་ཏན། བཅོས་བསྒྱུར་ཏན་ཏིག་བཅས་བྱེད་པར་སྐུལ་འདེད་བཏང་སྟེ། ཡང་དག་པའི་སྲིད་འབྲས་ལྟ་བས་མདུན་སྐྱོད་ཀྱི་ཁ་ཕྱོགས་ལ་སྣེ་ཁྲིད་དང་། ལས་དོན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།
ཞིང་ཆེན་སྲིད་གཞུང་གི་རྒྱུན་ལས་གྲོས་ཚོགས་སྟེང་། ཟླ3པའི་ཚེས27ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་རྒྱུན་ལས་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས། གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ཞབས་ཞུ་ལས་རིགས་ཀྱི་འཕེལ་རྒྱས་གོ་སྐབས་དམ་འཛིན་བྱས་ཏེ། སྲིད་ཇུས་ཀྱི་འདེགས་སྐྱོར་འཐུས་ཚང་དང་། ཞབས་ཞུའི་འཛད་སྤྱོད་སྦས་ཤུགས་འདོན་སྤེལ་གང་ལེགས་བྱེད་དགོས། སྨན་བཅོས་འཕྲོད་བསྟེན་གྱི་རྨང་བརྟན་ལས་གཞི་ལག་བསྟར་ཏན་ཏིག་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་མི་དམངས་མང་ཚོགས་ཀྱིས་ཉེ་འགྲམ་ནས་ནད་ལ་བལྟ་བ་དང་སྨན་བཅོས་བྱེད་པའི་དགོས་མཁོ་སྐོང་དགོས།
གྲོས་ཚོགས་ལས《ཞིང་ཆེན་སྲིད་གཞུང་གི་དུས་ཚིགས་གཉིས་པའི་བྱ་བའི་བླང་བྱ》ལ་གྲོས་ཞིབ་བྱས་པར་མ་ཟད། རྩ་བའི་ཐོག་ནས་གྲོས་འཆམ་བྱུང་། གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ཁྱོན་ཡོངས་ནས་ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཅིག་པའི་བཀོད་སྒྲིག་དོན་འཁྱོལ་བྱེད་དགོས་ལ། ཞིང་ཆེན་ཏང་ཨུའི་བྱ་བའི་བླང་བྱ་ལྟར། ལས་གཞིའི་དངུལ་གཏོང་དང་བཟོ་ལས་འཁོར་སྐྱོད། འཛད་སྤྱོད་ཡུལ་སྐོར། ཚོང་འགུག་དངུལ་འདྲེན་སོགས་ཀྱི་བྱ་བ་གཙོ་བོར་དམིགས་ཏེ། དཔལ་འབྱོར་འཁོར་སྐྱོད་ཀྱི་བཀོད་གཏོང་ལ་ཤུགས་སྣོན་པ་དང་། རྒྱལ་ཁབ་འབྲེལ་ཡོད་པུའུ་ཨུ་དང་ཀྲུང་དབྱང་ཁེ་ལས་བར་གྱི་གྲོས་མོལ་གོ་སྐབས་དམ་འཛིན་བྱས་ཏེ་སྦྲེལ་མཐུད་ལས་དོན་དོན་འཁྱོལ་བྱེད་དགོས་ལ། མཚོ་སྔོན་ལྗང་མདོག་རྩིས་ནུས་ཐོན་ལས་འཕེལ་རྒྱས་ཀྱི་འོས་སྦྱོར་ཚོགས་འདུ་སྐབས་གསུམ་པར་བཞག་པའི་ལས་གཞིའི་གན་རྒྱ་དོན་འཁྱོལ་བྱས་ཏེ། རྒྱུན་མཐུད་ངང་དཔལ་འབྱོར་གོང་སྤེལ་གཏོང་བའི་རྣམ་པ་བཟང་བོ་སྲ་བརྟན་དུ་གཏོང་བ་དང་། ནུས་ཤུགས་ཡོད་རྒུས“ཕྱེད་བརྒལ་གཉིས”ཀྱི་དམིགས་འབེན་མངོན་འགྱུར་བྱེད་དགོས།
གྲོས་ཚོགས་ལས《མཚོ་སྔོན་ཞིང་ཆེན་བདེ་འཇགས་ཐོན་སྐྱེད་ཨུ་ཡོན་ལྷན་ཁང་གི2026ལོའི་བྱ་བའི་བླང་བྱ》དང《ཞིང་ཆེན་སྲིད་གཞུང་གི་འགོ་ཁྲིད་ཀྱིས2026ལོའི་བདེ་འཇགས་ཐོན་སྐྱེད་བྱ་བའི་འོས་འགན་གསལ་ཐོར》གྲོས་ཞིབ་བྱས་པར་མ་ཟད། རྩ་བའི་ཐོག་ནས་གྲོས་འཆམ་བྱུང་། གྲོས་ཚོགས་ལས་ནན་གྱིས་བསྟན་དོན། བདེ་འཇགས་བརྟན་བརླིང་གི་ཆབ་སྲིད་འགན་འཁྲི་དོན་འཁྱོལ་ནན་མོ་བྱས་ཏེ། དུར་མཆོད་དུས་ཆེན་དང‘ལྔ་གཅིག’གུང་གསེང་སྐབས་ཀྱི་བདེ་འཇགས་འགོག་སྲུང་བྱ་བ་དམ་འཛིན་བྱེད་དགོས་ལ། གཙོ་གནད་ཁྱབ་ཁོངས་ཀྱི་ཉེན་ཁ་དང་མངོན་མེད་རྐྱེན་ངན་ལ་གྲལ་བཤེར་དག་སེལ་བྱེད་པར་གཅིག་གྱུར་བཀོད་སྒྲིག་དང་སྐུལ་འདེད་བཏང་སྟེ། ནུས་ཤུགས་ཡོད་རྒུས་མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་འགན་སྲུང་དང་སྤྱི་ཚོགས་ཁྱོན་ཡོངས་ནས་བརྟན་བརླིང་ཡོང་བར་བྱེད་དགོས།
གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ས་གནས་སོ་སོའི་ཡུལ་བབ་དང་བསྟུན་ནས་སན་མིང་སྨན་བཅོས་ཀྱི་བཅོས་བསྒྱུར་ཉམས་མྱོང་ཁྱབ་གདལ་གཏོང་བ་དང་། རྒྱུན་མཐུད་ངང“སྨན་གསུམ”གྱི་མཐུན་སྦྱོར་འཕེལ་རྒྱས་དང་བཅོས་སྐྱོང་ཟབ་སྤེལ་བྱས་ཏེ། བདེ་ཐང་མཚོ་སྔོན་འཛུགས་སྐྲུན་གྱི་ཆུ་ཚད་ཏན་ཏིག་གིས་མཐོར་འདེགས་གཏོང་དགོས། རྒྱུ་ནོར་གཤམ་སྤྲོད་རྒྱུན་འཁྱོངས་དང་། དངུལ་གཏོང་གི་གྲུབ་ཆ་ལེགས་སྒྱུར། ནོར་སྲིད་དཔལ་འབྱོར་གྱི་སྒྲིག་ཁྲིམས་ནན་སྲུང་། བློ་བརྟན་འགྱུར་མེད་ཀྱིས་གཞི་རིམ་གྱི“འགན་སྲུང་གསུམ”གྱི་ཚད་མཐའ་བརྟན་སྲུང་བཅས་བྱེད་དགོས།
གྲོས་ཚོགས་ལས《མཚོ་སྔོན་ཞིང་ཆེན་གྱིས་རྫོང་ཁོངས་ཀྱི་མཐོ་འབྲིང་དཀྱུས་མ་དར་སྤེལ་གཏོང་བའི་བྱེད་ཐབས་འགའ》ཞེས་པར་གྲོས་ཞིབ་བྱས་པར་མ་ཟད་རྩ་བའི་ཐོག་ནས་གྲོས་འཆམ་བྱུང་།
གྲོས་ཚོགས་ལས་ད་དུང་དོན་དག་གཞན་དག་ལ་ཞིབ་འཇུག་བྱས།