མུ་འབྲེལ་བརྙན་འཕྲིན་ཟློས་གར《བླ་ཤིང》གཟིགས་འབུལ་གནང་རྗེས་རྒྱལ་ཡོངས་ནས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ལ་དོ་སྣང་བྱེད་མཁན་ཉིན་རེ་ནས་ཇེ་མང་དུ་ཕྱིན། སྤྱི་གླིང་དེའི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་སྨི་གྲུ་མ་ཁྲི19.07ཡོད་ཅིང་། ལྟེ་བའི་ཁུལ་གྱིས55%ཡན་ཟིན། ད་ལོར་སྤྱི་གླིང་དེས་མུ་འབྲེལ་བརྙན་འཕྲིན་ཟློས་གར་གྱི་སྙན་གྲགས་ལ་བརྟེན་ནས་དྲིལ་སྒྲོག་དང་འོས་སྦྱོར་ཇི་ལྟར་བྱེད་པ་དང་། སྐྱེ་ཁམས་སྲུང་སྐྱོབ་ཀྱི་མ་མཐའི་ཚད་ཐིག་ཇི་ལྟར་སྲུང་དགོས་པའི་སྐོར་ནས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་ཀྱི་ཏང་ཨུའི་ཨུ་ཡོན། ཅུས་ཀྲང་གཞོན་པ་ཁྲེན་ཀྲུང་ཧུའེ་ཡིས་ངོ་སྤྲོད་བྱས་དོན། མུ་འབྲེལ་བརྙན་འཕྲིན་ཟློས་གར《བླ་ཤིང》གཟིགས་འབུལ་གནང་བ་དང་བསྟུན་ནས་ལ་ངོ30སྔོན་གྱི་ཨ་ཆེན་གངས་རྒྱབ་དེ་ཡང་བསྐྱར་རྒྱལ་ཡོངས་ཀྱི་གཟིགས་མོ་བས་མིག་མདུན་དུ་བཤམས། བརྙན་ནང་གི་པོ་ལ་མོ་ལ”ནི་སྐབས་དེའི་ཨ་ཆེན་གངས་རྒྱབ་རང་བྱུང་སྲུང་སྐྱོབ་ཁུལ་ཡིན་པ་དང་། མི་སྣ་གཙོ་བོ་རུ་དཔོན་རྡོ་རྗེ་ནི་ཨ་ཆེན་གངས་རྒྱབ་ཀྱི་ཇག་རྒོལ་རྔོན་འགོག་དཔའ་བོ་རྒྱས་བཟང་བསོད་ནམས་དར་རྒྱས་ཡིན། དེ་ནི་མི་སྣ་གཙོ་བོ་རྡོ་རྗེ་ཡིས་མཚོན་པའི་ས་མཐོའི་གནས་སྲུང་བས་རི་དྭགས་གཙོད་སྲུང་ཕྱིར་རང་སྲོག་བློས་གཏོང་ཕོད་པའི་དཔའ་བོའི་གཏན་རྒྱུད་ཅིག་ཡིན་ལ། གཏམ་རྒྱུད་ཀྱི་བྱུང་རིམ་ལ་བརྟེན་ནས་མཐོ་སྒང་གི་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་དང་། ཨ་ཆེན་གངས་རྒྱབ་བརྟན་སྲུང་གི་འགྱུར་མེད་སྙིང་སྟོབས་མངོན།
རྨ་འབྲི་རྫ་གསུམ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་ཀྱིས་རང་བྱུང་སློབ་གསོ་བརྒྱུད་དེ་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་གཏམ་རྒྱུད་དང་། རིག་གནས་ཡུལ་སྐོར་མུ་མཐུད་དུ་དྲིལ་སྒྲོག་འོས་སྦྱོར་བྱ་རྒྱུ་དང་ཆབས་ཅིག རྒྱལ་ཁབ་སྤྱི་གླིང་གི་རྒྱལ་ཁོངས་ས་ཞིང་གི་བར་སྟོང་ཁག་བགོས་དོ་དམ་དང་ཚོད་འཛིན་གྱི་བླང་བྱ་ལག་བསྟར་ནན་མོ་བྱས་ཏེ། མུ་འབྲེལ་བརྙན་འཕྲིན་ཟློས་གར“བླ་སྲོག་ནང་གི་རྨ་འབྲི་རྫ་གསུམ་འབྱུང་ཡུལ”བརྗོད་གཞིར་བཟུང་བའི་དྲིལ་སྒྲོག་བྱེད་སྒོ་དང་། གཙོད་ཁྱུ་གནས་སྤོ་བའི་ཡུལ་དངོས་ཐད་གཏོང་།《རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང》གི་དངོས་བཤུས་གློག་བརྙན་གཟུགས་འབུལ་ལ་སོགས་བྱེད་ཐབས་སྣ་མང་སྤྱད་དེ། ད་ལྟའི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་ན་གནས་སྲུང་དཔའ་བོའི་གཏམ་རྒྱུད་ཡོད་པ་མ་ཟད། རི་དྭགས་གཙོད་མཆོང་ལྡིང་དང་། གཅན་གཟན་གསའ་འགྲོ་འོང་། དྲེད་མོང་དལ་བར་རྒྱུ་བ། ཁྲུང་ཁྲུང་མཁའ་དབྱིངས་སུ་འཕུར་བའི་ཉམས་སྣང་གསོན་པོ་ལྟད་མོ་བའི་མིག་གི་དགའ་སྟོན་དུ་བསྟར་ནས་ཀུན་ཡིད་ཅིག་ཅར་དུ་འཕྲོག་པ་ཞིག་བྱ་རྒྱུ་འཆར་ཡོད་ཟེར།
དེ་དང་ཆབས་ཅིག རྨ་འབྲི་རྫ་གསུམ་འབྱུང་ཡུལ་ཀྱི་ཁྱད་དུ་འཕགས་པའི་རང་བྱུང་ཐོན་ཁུངས་ཀྱི་དགེ་མཚན་སྔོག་འདོན་ཟབ་མོ་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་རིག་གནས་དང་ཡུལ་སྐོར་བྱ་གཞག་གོང་སྤེལ་ལ་རམ་འདེགས་བྱ་རྒྱུ། “བླ་སྲོག་གི་རྗེས་འབྲངས་ནས་མཚོ་སྔོན་ཡུལ་ལ་བསྐོར”ཞེས་པ་དང་“མེ་ཏོག་གི་རྒྱ་མཚོ་གཡོ་བའི་མཚོ་སྔོན་ཡུལ་གྱི་དཔྱིད་དཔལ་ལ་རོལ”ལ་སོགས་པའི་ཡུལ་སྐོར་ལམ་ཐིག་དང་བསྟུན་ནས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྐྱེ་ཁམས་མྱོང་རོལ་གྱི་དམིགས་བསལ་ཆོག་འཐུས་གཉེར་སྐྱོང་ལས་གཞི་ལག་བསྟར་ལ་མགྱོགས་པོར་སྐུལ་འདེད། ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱིས་རྫ་ཆུའི་མགོ་ཁུངས་ཁུལ་གྱི་རྣམ་སྲས་གསའ་གྲོང་རྡལ་གྱི་རྐང་བགྲོད་བྱེད་སྒོ་དང་། འབྲི་ཆུ་མགོ་ཁུངས་ཁུལ་གྱི་གཡུ་འབྲུག་ལྷ་རྩེ་ལ་སོགས་པའི་སྤུས་རྟགས་བྱེད་སྒོ་སྤེལ་བར་ཁྲིད་སྟོན་བཅས་བྱ་རྒྱུ་ཡིན་ལ། ལམ་ཐིག་དེ་དག་རྒྱལ་ཁབ་སྤྱི་གླིང་གི་སྤྱིར་བཏང་གི་ཚོད་འཛིན་ཁུལ་ཁོངས་སུ་སྤེལ་རྒྱུ་ཡིན་པས། ཕྱོགས་ཡོངས་སྐུ་མགྲོན་གྱིས་སྐོར་སྲུང་བའི་དཀའ་སྡུག་དང་སྤྲོ་སྐྱིད་ཉམས་སུ་མྱོང་ཐུབ་པ་མ་ཟད། སྤྱི་གླིང་སྲུང་སྐྱོབ་དང་འཛུགས་སྐྲུན་གྱི་ཕན་འབྲས་ཀྱང་ཉམས་སུ་མྱོང་ཐུབ་བོ། །
འདིར་དྲན་སྐུལ་བྱ་རྒྱུ་ཞིག་ནི། སྤྱི་གླིང་དེ་དོ་དམ་ཅུས་ཀྱིས་ཁྲིམས་འགལ་ངང་ཨ་ཆེན་གངས་རྒྱབ་མི་མེད་ཁུལ་དུ་བརྒལ་བར་རྡུང་རྡེག་ཚ་ནན་གཏང་རྒྱུ་སྟེ། རྒྱལ་ཁབ་སྤྱི་གླིང་གི་ལྟེ་བའི་ཁུལ་དང་། མི་མེད་ཁུལ་དུ་ཁྲིམས་འགལ་སྒྲིག་འགལ་ངང་བསྐྱོད་མཁན་ལ། སྤྱི་བདེ་ལས་ཁུངས་དང་མཉམ་དུ་ཁྲིམས་བཞིན་དུ་ཐག་གཅོད་ནན་མོ་བྱ་རྒྱུ་རེད།