མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ4པའི་ཚེས2ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝུའུ་ཞའོ་ཅུན་གྱིས་འགོ་འཛིན་བྱས་ཏེ་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུངས་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཤིང་། འབྲེལ་ཡོད་བྱ་བར་ཞིབ་འཇུག་བཀོད་སྒྲིག་བྱས།
གྲོས་ཚོགས་ལས་ཟླ3པའི་ཚེས27ཉིན་གྱི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་གྲོས་ཚོགས་ཀྱི་དགོངས་དོན་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་རྒྱལ་སའི་འོས་འགན་སྡོང་འཛུགས་བྱ་འགུལ་ལ་ཞུགས་སྐབས་ཀྱི་གསུངས་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས། གྲོས་ཚོགས་ལས་བསྟན་དོན། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་གྲོས་ཚོགས་ལས《ཀྲུང་གོ་གུང་ཁྲན་ཏང་ས་གནས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྲོལ་ཡིག》ལ་གྲོས་ཞིབ་བྱས་པ་དེ་ནི་ཏང་གི་འགོ་ཁྲིད་ལམ་ལུགས་མ་ལག་འཐུས་ཚང་དུ་གཏོང་བ་དང་། ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པ་གཏིང་ཟབ་ཏུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པས། ཐོག་མཐའ་བར་གསུམ་དུ་ཏང་གི་ཆབ་སྲིད་འཛུགས་སྐྲུན་ཨང་དང་པོར་འཇོག་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་གི་གདུབ་ཟུམ་རྐྱེན་སྲོལ་རྒྱུན་མཐུད་ངང་འཐུས་ཚང་དུ་གཏོང་བ། དམངས་གཙོ་གཅིག་སྡུད་ལམ་ལུགས་ལག་བསྟར་ནན་མོ་བྱེད་པ། སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱེད་པ། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱ་རྒྱུར་སྐུལ་འདེད་གཏིང་ཟབ་གཏོང་བ་བཅས་བྱས་ཏེ། མཚོ་སྔོན་གྱི་བྱ་བ་སོ་སོ་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ཕྱོགས་སུ་མདུན་སྐྱོད་བྱེད་པར་འགན་ལེན་བྱེད་དགོས། གནས་བབ་གསར་པའི་འོག་རྒྱལ་ཁོངས་ལྗང་སྒྱུར་ལ་སྐུལ་འདེད་གཏོང་བའི“སྤུས་འདེགས་དང་། ལས་དར། དམངས་ཕན་བཅས་ལ་མཐོང་ཆེན་བྱེད་པའི”བླང་བྱ་གསར་པར་གོ་བ་གཏིང་ཟབ་ལེན་པ་དང་། ཡུལ་བབ་དང་བསྟུན་ནས་ལྗང་སྒྱུར་བྱ་བ་ཡག་པོར་སྒྲུབ་པ། སྤྱི་ཚོགས་ཡོངས་རྒྱལ་ཁོངས་ལྗང་སྒྱུར་ལ་ཞུགས་རྒྱུར་རྒྱ་ཁྱབ་ངང་སྐུལ་སློང་བྱེད་པ། སྐྱེ་ཁམས་ཡུལ་སྐོར་དང་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ལས་སོགས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་ནས། ཀྲུང་ཧྭ་མི་རིགས་ཀྱི་རྒྱུན་མཐུད་འཕེལ་རྒྱས་དང་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་ཆེད་མཚོ་སྔོན་གྱི་བྱས་རྗེས་འཇོག་དགོས།
གྲོས་ཚོགས་ལས་འདས་པའི་ལོ་གཅིག་གི་ནང་། བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་ཐད་མ་ལག་རང་བཞིན་གྱི་མཐོར་འདེགས་དང་སྤྱི་ཡོངས་རང་བཞིན་གྱི་ཐོལ་བརྒལ་བྱུང་བའི་གྲུབ་འབྲས་དེ་ཐོབ་སླ་བ་ཞིག་མིན། རྒྱལ་ཁབ་ཀྱི་སྤྱི་ཡོངས་ཀྱི་བདེ་འཇགས་ལྟ་བ་བློ་བརྟན་འགྱུར་མེད་ཀྱིས་ལག་བསྟར་བྱས་ཏེ། ཆབ་སྲིད་བདེ་འཇགས་དེ་སྔར་ལས་འབུར་ཐོན་གྱི་གོ་གནས་སུ་བཞག་སྟེ། སྐྱེ་ཁམས་དང་དཔལ་འབྱོར། སྤྱི་ཚོགས་སོགས་ཁྱབ་ཁོངས་སོ་སོའི་བདེ་འཇགས་ལ་གཅིག་གྱུར་འཆར་འགོད་བྱེད་དགོས། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་འཆར་འགོད་བྱེད་པ་རྒྱུན་འཁྱོངས་བྱས་ནས། ཁྱབ་ཁོངས་གཙོ་བོའི་ཉེན་ཁ་འགོག་སེལ་དང་། བདེ་འཇགས་ནུས་པ་འཛུགས་སྐྱོང་སོགས་གཙོ་གནད་དུ་བཟུང་ནས་ཤུགས་བསྣན་ཏེ། སྤྱི་ཚོགས་ཀྱི་ཁྱོན་ཡོངས་བརྟན་བརླིང་ལ་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱེད་དགོས། དུས་རབས་གསར་པའི“ཧྥིན་ཆའོ་ཉམས་མྱོང”རྒྱུན་འཁྱོངས་དང་གོང་འཕེལ་གཏོང་བ་དང་། འགལ་བ་དང་རྩོད་གཞི་འགོ་ཁུངས་ནས་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། བྱེད་ཐབས་སྣ་མང་མཉམ་དུ་སྤྱད་དེ་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱས་ནས་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་མཐོ་རུ་གཏོང་དགོས་ཞེས་བསྟན།
གྲོས་ཚོགས་ལས་ད་ལོ་ནི་སློབ་གསོའི་སྟོབས་ལྡན་ཞིང་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་གཏོང་བའི་གནད་འགག་གི་ལོ་ཞིག་ཡིན་པས། མུ་མཐུད་དུ་རྨང་གཞིའི་སློབ་གསོའི་ཐོན་ཁུངས་བཀོད་སྒྲིག་དང་བཅོས་སྒྱུར་གཏིང་ཟབ་ཏུ་བཏང་ནས། རྫོང་ཁོངས་ཀྱི་མཐོ་རིམ་སློབ་འབྲིང་དཀྱུས་མ་དར་སྤེལ་དང་འོས་འགན་སློབ་གསོའི་སྤུས་ལེགས་འཕེལ་རྒྱས་ལ་སྐུལ་འདེད་མགྱོགས་པོ་གཏོང་དགོས། ཁྱད་ལྡན་ཁྱད་སྟོབས་ཐོན་ལས་ལེགས་སྒྱུར་གྱི་མཐོ་རིམ་སློབ་གསོ་དང་ལས་རིགས་སློབ་གསོའི་ཆེད་ལས་བཀོད་སྒྲིག་ཇེ་ལེགས་སུ་གཏོང་བ་དང་། ཚན་རིག་ཞིབ་འཇུག་གི་འགག་སྒྲོལ་བྱེད་ཤུགས་ཆེ་རུ་གཏོང་བར་དམིགས་ཏེ། སློབ་གསོའི་མུ་ཕྲེང་དང་འཇོན་མིའི་མུ་ཕྲེང་། ཐོན་ལས་མུ་ཕྲེང་བཅས་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་དགོས། སློབ་གསོའི་ཐོན་ཁུངས་བཀོད་སྒྲིག་ཇེ་ལེགས་སུ་གཏོང་བ་དང་། ས་ཁོངས་དང་སློབ་གྲྭའི་ཧེ་བག་ཇེ་ཆུང་དུ་གཏོང་བ། སློབ་གསོའི་གྲུབ་འབྲས་ཀྱིས་རིགས་སོ་སོའི་མང་ཚོགས་ལ་སྔར་ལས་འདྲ་མཉམ་ངང་ཕན་པ་ཐོབ་པ་བཅས་བྱེད་དགོས། སློབ་གྲྭའི་བདེ་འཇགས་ཚད་མཐའ་མཐའ་གཅིག་ཏུ་སྲུང་བ་དང་། མུ་མཐུད་དུ་ཉེན་ཁའི་སྔོན་ཚུད་ཉེན་བརྡ་དང་འཕྲལ་བསྟུན་ཐག་གཅོད་རྐྱེན་སྲོལ་འཐུས་ཚང་དུ་བཏང་ནས། སློབ་རའི་བདེ་འཇགས་བརྟན་བརླིང་ལ་ཁག་ཐེག་བྱེད་དགོས་པ་ནན་གྱིས་བསྟན།
གྲོས་ཚོགས་ལས་སྐབས་གསུམ་པའི་མཚོ་སྔོན་ལྗང་མདོག་རྩིས་ནུས་ཐོན་ལས་འཕེལ་རྒྱས་འོས་སྦྱོར་ཚོགས་འདུ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འགོ་ཁྲིད་གཙོ་བོ་རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་ཨུ་དང་། ཀྲུང་དབྱང་སྨྱན་བྱད། ཀྲུང་དབྱང་ཁེ་ལས་ལས་ཁུངས་བཅས་ལ་ཐུག་འཕྲད་བྱེད་པར་སོང་བའི་གནས་ཚུལ་སྙན་ཞུར་ཉན་པ་མ་ཟད། ད་དུང་དོན་དག་གཞན་པར་ཞིབ་འཇུག་བྱས།