མི་དམངས་དྲ་བས་ཟི་ལིང་དུ་སྤེལ་བའི་འཕྲིན། ཟླ3ཚེས30ཉིན། རང་བྱུང་སྲུང་སྐྱོང་ཁུལ་གྱི་ཡུལ་སྐོར་བྱེད་སྒོ་ཚད་ལྡན་དུ་གཏང་ཆེད། ཉེ་ལམ་མཚོ་སྔོན་ཞིང་ཆེན་རིག་གནས་ཡུལ་སྐོར་ཐིང་དང་། ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུས། ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིང་། ཞིང་ཆེན་ལུས་རྩལ་ཅུས་བཅས་ཀྱིས་མཉམ་འབྲེལ་ཐོག《རང་བྱུང་སྲུང་སྐྱོབ་ས་ཁོངས་ཀྱི་ཡུལ་སྐོར་བྱེད་སྒོ་ཚད་ལྡན་དུ་གཏང་བའི་བརྡ་ཐོ》(གཤམ་དུ《བརྡ་ཐོ》ཞེས་བསྡུ་རྒྱུ)དཔར་འགྲེམས་བྱས་ཏེ། མཚོ་སྔོན་གྱི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་ཡུལ་སྐོར་ས་མཚམས་ཏེ“བདེ་འཇགས་ཀྱི་ས་མཚམས”“སྐྱེ་ཁམས་ཀྱི་ས་མཚམས”“ཁྲིམས་སྐྱོང་གི་ས་མཚམས”གསུམ་གཏན་འཁེལ་བྱས།
《བརྡ་ཐོ》ཡི་ནང་དུ། ས་གནས་སོ་སོས་ཁོངས་གཏོགས་དོ་དམ་དང་། ལས་རིགས་ལྟ་རྟོག རང་བྱུང་སྲུང་སྐྱོབ་བཅས་ཀྱི་བྱེད་པོའི་འགན་འཁྲི་ལག་ལེན་མཐར་ཕྱིན་བྱས་ཏེ། “སྲིད་གཞུང་གིས་གཙོ་ཁྲིད་དང་། སྡེ་ཚན་གྱིས་མཉམ་འབྲེལ། རིམ་པ་ཁག་གིས་ཀྱིས་འགན་འཁུར། མཉམ་འཛིན་མཉམ་སྐྱོང”གི་ལམ་སྲོལ་འཐུས་ཚང་དུ་གཏང་བ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་ཐུན་ཁུངས་བེད་སྤྱོད་ལུགས་མཐུན་བྱས་ནས་སྐྱེ་ཁམས་སྲུང་སྐྱོབ་དང་ཡུལ་སྐོར་གོང་སྤེལ། དམངས་ཚིས་ལེགས་སྒྱུར་བཅས་ཀྱི་འབྲེལ་བ་བཟང་པོ་མངོན་འགྱུར་བྱས་ནས་རང་བྱུང་སྲུང་སྐྱོབ་ཁུལ་གྱི་མ་ལག་ཆ་ནས་དཔེ་སྟོན་རུང་བའི་ཞིང་ཆེན་འཛུགས་སྐྲུན་ལ་རམ་འདེགས་བྱེད་དགོས། འཆར་འགོད་གཞིར་བཟུང་སྟེ། སྐྱེ་ཁམས་ཀྱི་ཐེག་ནུས་ལ་ཚད་འཇལ་རྩིས་ལེན་གནད་འཁེལ་བྱས་ཏེ། ཡུལ་སྐོར་འགྲུལ་རྒྱུན་གྱི་ཤོང་ཚད་ལུགས་མཐུན་གཏན་འཁེལ་དང་། སྐྱེ་ཁམས་ཀྱི་སྲུང་ཐིག་དམར་པོའི་ནང་ཁུལ་དུ་ཁྲིམས་འགལ་གྱིས་གསར་སྤེལ་གང་རུང་བྱ་མི་རུང་བ་གཏན་འགོག་བྱེད་དགོས། ས་གནས་ཀྱི་ཡུལ་མི་གཉེར་སྐྱོང་རང་བཞིན་གྱི་ཞབས་ཞུའི་ཁྲོད་ཞུགས་སུ་བཅུག་སྟེ། ཁེ་འབབ་བགོ་བཤའ་ཡི་ལམ་སྲོལ་འཚོལ་ཞིབ་བྱས་ནས་རང་སྐྱོང་སྲུང་སྐྱོབ་ཁུལ་གྱི་དམངས་ཡོངས་ཀྱིས་མཉམ་སྤྱོད་ཐུབ་པར་སྐུལ་འདེད་གཏང་དགོས་པ་བཅས་ཀྱི་བླང་བྱ་བཏོན།
《བརྡ་ཐོ》ཡིས《མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་བཅའ་ཁྲིམས》《རྒྱལ་ཁབ་སྤྱི་གླིང་གི་བཅའ་ཁྲིམས》ལ་སོགས་པའི་ཁྲིམས་ལུགས་དང་ཁྲིམས་སྲོལ་གཞིར་བཟུང་སྟེ་རང་བྱུང་སྲུང་སྐྱོབ་ཁུལ་རིགས་གསུམ་ལ་བར་ཁྱད་ཅན་གྱི་དོ་དམ་ལག་བསྟར་བྱ་རྒྱུ་སྟེ།
རྒྱལ་ཁབ་སྤྱི་གླིང་། ལྟེ་གནས་སྲུང་སྐྱོབ་ཁུལ་དུ་བྱེད་སྒོ་གང་རུང་སྤེལ་མི་ཆོག སྤྱིར་བཏང་གི་ཚོད་འཛིན་ཁུལ་དུ་སྲུང་སྐྱོབ་ཀྱི་ཁ་ཕྱོགས་དང་མཐུན་པའི་སྐྱེ་ཁམས་ཡུལ་སྐོར་དང་། ཚན་རིག་ཁྱབ་གདལ་གྱི་སློབ་གསོ་སོགས་སྤེལ་ཆོག་ན་ཡང་། ངེས་པར་དུ་ཆོག་འཐུས་ཀྱི་ཇུས་གཞི་ནང་བཞིན་བསྒྲུབ་དགོས།
རང་བྱུང་སྲུང་སྐྱོབ་ཁུལ། ལྟེ་གནས་སྲུང་སྐྱོབ་ཁུལ་དུ་ཡུལ་སྐོར་བྱེད་མི་རུང་། སྤྱིར་བཏང་གི་ཚོད་འཛིན་ཁུལ་དུ་གཟིགས་མོ་དང་། ཚན་རིག་ཁྱབ་གདལ་གྱི་ཡུལ་སྐོར་སྤྲོ་འཆམ་བྱེད་ཆོག་ལ། སྒྲིག་ཆས་སྒྲིག་བཀོད་ཀྱི་གཞི་ཁྱོན་ཚོད་འཛིན་བྱས་ནས་ལམ་ཐིག་གཏན་འཁེལ་གྱི་ནང་བཞིན་ཡུལ་སྐོར་བྱེད་སྒོ་སྤེལ་ཆོག
རང་བྱུང་སྤྱི་གླིང་། སྐྱེ་ཁམས་སྲུང་སྐྱོབ་ཁུལ་དུ་ལྗོངས་གཟིགས་དང་ཚན་རིག་ཁྱབ་གདལ་སྐོར་སྣེ་ལེན་འོས་འཚམ་རེ་བྱེད་ཆོག བེད་སྤྱོད་ལུགས་མཐུན་ཁུལ་དུ་རང་བྱུང་ལ་མྱོང་རོལ་དང་། སྤྲོ་འཆམ་ལུས་སྦྱོང་སོགས་སྤེལ་ཆོག ལྟེ་གནས་ལྗོངས་ཁུལ་དུ་འཛུགས་སྐྲུན་དང་སྲུང་སྐྱོབ་ལ་འབྲེལ་བ་མེད་པའི་ཁང་པ་འཛུགས་སྐྲུན་བྱེད་མི་ཆོག་པ་མ་ཟད། སྐུ་མགྲོན་ཤོང་ཚད་ལས་བརྒལ་ཞིང་བདེ་འཇགས་ཀྱི་འགན་སྲུང་ཅི་ཡང་མེད་པའི་ཡུལ་སྐོར་རིགས་སྣེ་ལེན་བྱེད་མི་རུང་ཞེས་བསྟན་ཡོད་དོ། །
ཉེ་བའི་ལོ་རིང་ལ། མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་ཡུལ་སྐོར་ཡར་ངོས་ཟླ་ལྟར་འཕེལ་བ་དང་བསྟུན་ནས་གསར་སྤེལ་བྱས་མེད་པའི་ས་ཁོངས་སུ་གང་འདོད་དུ་བསྐྱོད་པ་དང་། ཁྲིམས་འགལ་གྱི་ངང་ནས་རྐང་ཐང་དུ་བརྒལ་བ། ཉེན་ཁ་ཆེ་ཤོས་ཀྱི་བྱེད་སྒོ་གང་འདོད་དུ་སྤེལ་བ་སོགས་ཀྱི་གནད་དོན་ཡང་མི་ཉུང་བ་ཞིག་བྱུང་སྟེ། ཉམས་ཞན་པའི་མཐོ་སྒང་གི་སྐྱེ་ཁམས་ལ་གཏོར་བརླག་ཐེབས་པའི་མི་ཚད། བདེ་འཇགས་ཐད་ཀྱི་དོན་རྐྱེན་ཡང་མི་ཉུང་བ་ཞིག་བསླངས་ནས་མི་ལ་ཤི་རྨས་བྱུང་ཞིང་སྤྱི་གཞུང་གི་ཐོན་ཁུངས་ལ་གྱོད་གུད་ཐེབས།
ཟླ3ཚེས17ཉིན་ཏེ་ཐོ་རེངས་ཀྱི་ཆུ་ཚོད4ཡི་སྟེང་དུ། ན་གོར་མོ་གྲོང་ཁྱེར་སྤྱི་བདེ་ཅུས་ལ་མང་ཚོགས་ཀྱི་ཞུ་གཏུག་འབྱོར། ཕ་རོལ་པོས་མི15ཡིས་རླངས་འཁོར11བསྐོར་ནས་ན་ལིན་གུ་རུ་ཆུ་ཁོངས་ཀྱི་མཚོ་འཕགས་སྨི3700ཡི་རི་ཁུལ་དུ་ལུས་འདུག་མོད། གནས་གང་ཡིན་གསལ་བོ་མི་ཤེས། ས་དེར་གྲང་ངར་ཆེ་ལ། ལྟོ་གོས་མི་འདང་བ། བརྡ་འཕྲིན་ཆད་པ་མ་ཟད། ཉེ་འཁོར་དུ་རི་སྐྱེས་སྲོག་ཆགས་རྒྱུ་བ་སོགས་མིའི་ཚེ་སྲོག་དང་བདེ་འཇགས་ལ་གནོད་པའི་ཉེན་ཁ་གང་མང་ཞིག་ལ་འཕྲད་ཡོད་ཚུལ་ཞུས་བྱུང་། ཞུ་གཏུག་དེ་འབྱོར་རྗེས་ན་གོར་མོའི་ཉེན་རྟོག་པ་མཉམ་དུ་གནས་ག་ལ་བ་དེར་བསྐྱོད་དེ། ཉེན་ཁར་འཕྲད་པའི་མི15བདེ་བླག་ངང་བསྐྱབས།
དེ་བས《བརྡ་ཐོ》ནང་གཤམ་གྱི་བྱ་སྤྱོད་འདི་རིགས་མཐའ་གཅིག་ཏུ་གཏན་འགོག་བྱ་རྒྱུ་གཏན་འཁེལ་བྱས་ཡོད་དེ། གང་འདོད་དུ་རང་བྱུང་སྲུང་སྐྱོབ་བྱེད་སའི་ལྟེ་བའི་སྲུང་སྐྱོབ་ཁུལ་དང་། རྒྱ་བསྡམས་པའི་ས་ཁོངས་སུ་བསྐྱོད་པར་གཏན་འགོག་བྱེད་དགོས། ཁྲིམས་འགལ་གྱི་ངང་ནས་རྐང་ཐང་དུ་རི་ཐང་བརྒལ་བ་དང་། མྱུལ་དཔྱད། སྒར་རྒྱག་སྤྲོ་འཆམ་ལ་སོགས་པའི་བྱེད་སྒོ་གཏན་འགོག་བྱེད་དགོས། ཡུལ་སྐོར་ལས་དོན་ཁང་དང་། ལྗོངས་ཕྱིའི་ལས་ཁུངས་བཅས་ཀྱིས་སྒྲིག་འགལ་ས་ཁོངས་ཀྱི་ཡུལ་སྐོར་ལམ་ཐིག་མཚམས་སྦྱོར་དང་སྒྲིག་འཛུགས་བྱེད་མི་ཆོག སྒྲིག་འགལ་གྱིས་རྩ་འཛུགས་བྱས་ནས་དོན་རྐྱེན་བསླངས་ན། ཁྲིམས་བཞིན་དུ་ཉེས་འགན་འདེད་རྒྱུ། ཡུལ་སྐོར་སྐུ་མགྲོན་གྱིས་ལྗོངས་ཁུལ་གྱི་གཏན་འབེབས་ལ་བརྩི་སྲུང་བྱས་ཏེ། རྩྭ་དང་རྩི་ཤིང་ལ་གཏོར་བརླག་དང་གད་སྙིགས་གང་སར་མི་གཡུག་པ་བྱེད་དགོས། ངེས་གཏན་གྱི་ས་ཁོངས་སུ་བྱེད་སྒོ་སྤེལ་ན། གཅིག་གྱུར་གྱི་དོ་དམ་ནང་བཞིན་བྱེད་དགོས། ཚན་ཞིབ་དང་། འཕྲལ་བསྟུན་མྱུར་སྐྱོབ་ལ་སོགས་དམིགས་བསལ་གྱི་གནས་ཚུལ་བྱུང་བར་བརྟེན་ནས་རྒྱ་བསྡམས་པའི་ས་ཁོངས་སུ་བསྐྱོད་དགོས་ཚེ། སྔ་མོ་ནས་འབྲེལ་ཡོད་གཙོ་གཉེར་སྡེ་ཚན་ལ་ཡིག་ཐོག་གི་སྙན་ཞུ་ཕུལ་དགོས་པ་དང་། ཆོག་མཆན་ཐོབ་པ་བརྒྱུད་བདེ་འཇགས་ཀྱི་འགན་སྲུང་ཚགས་ཚུད་པ་བསྒྲུབས་རྗེས་ད་གཟོད་ས་ཁོངས་སུ་བསྐྱོད་ཆོག་པ་སོགས་གསལ་འབེབས་བྱས་ཡོད་དོ། །