མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ3པའི་ཚེས26ཉིན། གསར་འགོད་པས“དམངས་ཚིས་དོན་དངོས་ཡག་པོ་གཉེར་ནས། དམངས་ཚིས་བདེ་སྐྱིད་ཆེ་རུ་གཏོང་རྒྱུ”ཞེས་པར་བརྗོད་གཞི་ཡིན་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་སྟེང་ཤེས་གསལ་ལྟར་ན། 2026ལོར། མཚོ་སྔོན་ཞིང་ཆེན་གྱི་སློབ་གསོའི་ཁྱབ་ཁོངས་ཀྱི་དམངས་ཚིས་དོན་དངོས་འཆར་འགོད་དེ་དགེ་སློབ་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་ལ་དམིགས་ནས། ཟ་ཁང་འཛུགས་སྐྲུན་རྣམ་གྲངས་གཙོ་གནད་ཐོག་བཀོད་སྒྲིག་བྱས་ཏེ། སློབ་གྲྭའི་ཟ་ཁང་གི་རྨང་གཞིའི་སྒྲིག་བཀོད་ལ་མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་རྒྱུ་དང་། ཞིང་ཆེན་སློབ་གསོ་ཐིང་གིས་བྱེད་ཐབས་ཏན་ཏིག་སྤྱད་དེ་གྲོང་གསེབ་ཀྱི་འོས་འགན་སློབ་གསོའི་སློབ་གྲྭའི་བཟའ་བཏུང་མཁོ་འདོན་ནུས་པ་ཆེ་རུ་བཏང་ནས། རྒྱ་ཆེའི་སློབ་མ་རྣམས་ཀྱི་བཟའ་བཏུང་བདེ་འཇགས་དང་བདེ་ཐང་འཚར་ལོང་ཐད་འགན་ལེན་བྱ་རྒྱུ་རེད།
2025ལོར། མཚོ་སྔོན་ཞིང་ཆེན་གྱི་སློབ་གྲྭའི་ཟ་ཁང་གི་ལས་དོན་ལ་གྲུབ་འབྲས་མངོན་གསལ་ཐོབ་ཡོད། རྒྱལ་ཡོངས་སུ་སྔོན་ལ་དབུལ་པོའི་ས་ཁུལ་གྱི་རྫོང་གྲོང་སློབ་གྲྭའི་འཚོ་བཅུད་ཇེ་ལེགས་སུ་གཏོང་བའི་འཆར་གཞི་མངོན་འགྱུར་བྱུང་བ་སྟེ། སློབ་གྲྭ208དང་། སློབ་མ་ཁྲི25.4འཆར་གཞིའི་ནང་གསར་དུ་བཅུག་པ་དང་། ཞིང་ཆེན་ཡོངས་ཀྱི་སློབ་གྲྭ791དང་སློབ་མ་ཁྲི51.3ལ་ཟ་མ་ཚ་པོ་བཏོན་ནས། སློབ་གྲྭའི་ཟ་མ་ཚད་ལྡན་ཅན་དུ་འཕེལ་བར་རྨང་གཞི་བརྟན་པོ་བཏིངས།
2026ལོར། ཞིང་ཆེན་ཡོངས་ཀྱི“སློབ་གྲྭའི་ཟ་མའི”གནད་དོན་མངོན་གསལ་ལ་ཆེད་དོན་བཅོས་སྒྲིག་བྱས་པ་དེ་ཚད་ལྡན་དོ་དམ་གྱི་དུས་མཚམས་སུ་བསླེབས་ཡོད། གྲོང་གསེབ་ཀྱི་འོས་འགན་སློབ་གསོའི་སློབ་གྲྭའི་ཟ་མ་མཁོ་འདོན་བྱེད་ནུས་སྔར་ལས་ཆེ་རུ་བཏང་ནས། སློབ་མ་རྣམས་ཀྱིས་བློ་བདེ་སེམས་སྐྱིད་ངང་ཟ་མ་ཟ་ཐུབ་ཆེད། རང་ཞིང་གིས་མ་དངུལ་སྒོར་དུང་ཕྱུར2གཅིག་གྱུར་བཀོད་སྒྲིག་བྱས་ནས། གཙོ་བོ་ཟ་ཁང་མེད་པའི་སློབ་གྲྭ34ཡི་ཟ་ཁང་འཛུགས་སྐྲུན་དང་སྒྲིག་བཀོད་སྒྲིག་ཆས་ཉོ་སྒྲུབ། འཚོ་བཅུད་ཇེ་ལེགས་སུ་གཏོང་བའི་འཆར་གཞི་ཐད་མ་དངུལ་གྱིས་རྒྱབ་སྐྱོར་བྱ་རྒྱུ་རེད། རྣམ་གྲངས་ཚང་མ་ད་ལོའི་སྟོན་དུས་སློབ་འགོ་མ་ཚུགས་གོང་བེད་སྤྱོད་གཏོང་ཐུབ་པར་འགན་ལེན་བྱ་རྒྱུ་ཡིན་པ་དང་། སྐབས་དེར་སློབ་མ་སྔར་ལས་མང་པོས་ཡངས་ཤིང་རྒྱ་ཆེ་བའི་ཟ་ཁང་ནང་རིན་མི་དགོས་པའི་འཚོ་བཅུད་ལྡན་པའི་གོང་ཟས་ལོངས་སུ་སྤྱོད་ཐུབ་པར་མ་ཟད། སློབ་གྲྭའི་ཟ་མ་ཟ་སའི་ཁོར་ཡུག་དང་ཆ་རྐྱེན་ཇེ་ལེགས་སུ་གཏོང་རྒྱུ་རེད།
སླད་ཕྱིན། ཞིང་ཆེན་སློབ་གསོ་ཐིང་གིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བླང་བྱ་གཞིར་བཟུང་ནས། ས་གནས་སོ་སོར་འཚོ་བཅུད་ཇེ་ལེགས་སུ་གཏོང་བའི་འཆར་གཞི་ཚད་ལྡན་ངང་ལག་བསྟར་ལ་སྐུལ་འདེད་དང་རིགས་སོ་སོའི་སློབ་མའི་རོགས་དངུལ་དང་ཁ་གསབ་མ་དངུལ་ལ་སྤྱི་འདོམས་ངང་བེད་སྤྱོད་ཡག་པོ་བཏང་སྟེ། ད་ཡོད་ཀྱི་བཟའ་བཅའ་མཁོ་འདོན་གྱི་སྤུས་ཚད་རྒྱུན་འཁྱོངས་ཡག་པོ་དང་། ལུགས་མཐུན་ངང་འཚོ་བཅུད་ལྡན་པའི་བཟའ་བཅའ་སྡེབ་སྒྲིག་ཡག་པོ། སློབ་གྲྭའི་ཟ་ཁང་གི་དོ་དམ་པ་དང་ལས་ཞུགས་པའི་གསོ་སྦྱོང་ལ་ཤུགས་སྣོན། རྒྱུན་དུ་སློབ་གྲྭའི་བཟའ་བཅའི་ལྟ་སྐུལ་ལ་མཛུབ་ཁྲིད་དང་ཞིབ་བཤེར། སློབ་གྲྭའི་བཟའ་བཅའི་བདེ་འཇགས་འགན་ལེན་བཅས་བྱས་ཏེ། རྒྱ་ཆེའི་སློབ་མ་རྣམས་བདེ་ཐང་ངང་འཚར་ལོངས་ཡོང་བར་འགན་སྲུང་བྱེད་དགོས།