ཟླ3པའི་ཚེས30ཉིན། ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་གཅིག་པ་ཟི་ལིང་དུ་བསྡུས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝུའུ་ཞའོ་ཅུན་གྱིས་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོར་འགོ་འཛིན་བྱས་པར་མ་ཟད་གཏམ་བཤད།
ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རེན་གཞོན་པ་དབྱང་ཧྥེང་ཁྲུན་གྱིས་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་བརྒྱུད་བསྒྲགས་བྱས། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ལིའུ་ཐུང་ཏེ་དང་ལུའི་ཀང་། ཝང་ཅིན་ཀྲའེ། ཚའེ་ཁྲེང་ཡུང་། དྲུང་ཡིག་ཆེན་མོ་ཁྲེན་ཏུང་ཁྲང་བཅས་དང་། དེ་མིན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་བཅས་བསྡོམས་པས་མི་ང་ལྔ་གྲོས་ཚོགས་ལ་ཞུགས་པ་དང་། དེ་ཁྲིམས་བཀོད་མི་གྲངས་དང་མཐུན།
ཝུའུ་ཞའོ་ཅུན་གྱིས་གཏམ་བཤད་སྐབས་ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་དམངས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བཅས་བྱེད་རྒྱུ་དེ་མིག་སྔའི་ཆབ་སྲིད་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ཏེ་མགྱོགས་མྱུར་སྒོས་སློབ་སྦྱོང་གི་ཚ་རླབས་འཕྱུར་བར་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཚོགས་ཆེན་གཉིས་སྐབས་སུ་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་གྱི་སྙིང་བོར་གོ་བ་ཟབ་མོ་ལེན་པ་དང་། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་དམིགས་འབེན་ལས་འགན་དང་ལོ་ལྔའི་འཆར་འགོད་བཅོ་ལྔ་པ་འགོ་རྩོམ་པའི་ལོ་ཡི་ཞིབ་ཕྲའི་བཀོད་སྒྲིག་ལ་རྒྱུས་ལོན་ཡང་དག་བྱེད་པ། བསམ་སྦྱོར་གཉིས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་བྱ་བའི་བླང་བྱའི་སྟེང་གཅིག་གྱུར་བྱེད་པ། ཆབ་སྲིད་ཀྱི་རང་རྟོགས་མཐོན་པོར་བརྟེན་ནས་གྲོས་ཚོགས་ཀྱི་དགོངས་དོན་མི་སེམས་སུ་འཇགས་པར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་འགན་སྒྲུབ་བཟང་བོ་བྱེད་པའི་ཐད་བསམ་བློའི་རྨང་གཞི་བརྟན་པོ་འདིང་དགོས། དམངས་ཆེན་གྱི་འགན་ནུས་ལ་རྐང་བཙུགས་ནས་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འཆར་འགོད་ལག་བསྟར་བྱེད་པ་དང་ཞིང་ཆེན་ཡོངས་ཀྱི་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་དམིགས་ཏེ་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གཙོ་གནད་གཅིག་དང་འཆར་གཞི་གསུམ་དོན་འཁྱོལ་བཟང་བོ་བྱས་ནས་དམངས་ཆེན་གྱི་ཁྲིམས་འཛུགས་དང་ལྟ་སྐུལ། འཐུས་མིའི་བྱ་བ་བཅས་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་དགོས། ཐོག་མཐའ་བར་གསུམ་དུ་རྒྱལ་དོན་གྱི་ཆེ་ཕྱོགས་ཡིད་ལ་དམ་པོར་བཟུང་ནས་ཏང་གི་འགོ་ཁྲིད་དང་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པ། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་བཅས་ནུས་ལྡན་གཅིག་གྱུར་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། དམངས་ཆེན་བྱ་བས་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བའི་འགོ་རྩོམ་ས་དང་ཤུགས་འདོན་ས་ཡང་དག་པར་འཚོལ་བ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་རིམ་བྱུང་གི་དགོངས་དོན། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་རིམ་བྱུང་གི་དགོངས་དོན་བཅས་ལག་བསྟར་གཏིང་ཟབ་བྱེད་པ། རང་རྟོགས་སྒོས་ཞིང་ཆེན་ཡོངས་ཀྱི་བྱ་བ་གཙོ་བོའི་ཁྲོད་འདྲེས་པར་བྱེད་པ་བཅས་བྱས་ཏེ་ཁྲིམས་སྐྱོང་གི་སྟོབས་ཤུགས་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྲུང་སྐྱོབ་བྱེད་དགོས། ལས་ཁུངས་བཞིའི་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་པ་དང་། སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱེད་པའི་སློབ་སྦྱོང་སློབ་གསོ་ཏན་ཏིག་གིས་སྤེལ་བ། མི་དམངས་ཀྱི་ཆེད་དུ་སྲིད་འབྲས་ལེན་པ་དང་དངོས་སྒྲུབ་ལ་བརྟེན་ནས་སྲིད་འབྲས་ལེན་པ་བཅས་བྱས་ཏེ་ཁྲིམས་ལྟར་འགན་སྒྲུབ་བྱེད་པའི་ནུས་པ་དང་ཆུ་ཚད་རྒྱུན་མཐུད་ངང་མཐོར་འདེགས་གཏོང་དགོས། གོང་འོག་མཉམ་འགུལ་བྱེད་ཤུགས་ཇེ་དྲག་ཏུ་གཏོང་བ་དང་། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་རྫོང་། ཞང་བཅས་ཀྱི་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་སྐབས་བརྗེ་བྱ་བའི་མཛུབ་སྟོན་ལ་ཤུགས་སྣོན་པ་སོགས་བྱས་ནས་སྐབས་བརྗེ་བྱ་བའི་སྤྱོད་གཙང་སྲོལ་བཟང་དང་གོ་རིམ་བརྟན་འཇགས་ཡོང་བར་འགན་སྲུང་བྱེད་དགོས་ཞེས་ནན་གྱིས་བསྟན།
གྲོས་ཚོགས་ལས་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་ཐེངས་འདིའི་གྲོས་ཚོགས་ལ་སྤྲད་པའི་འབྲེལ་ཡོད་མི་དོན་གནས་ཚུལ་སྐོར་གྱི་གསལ་བཤད་ལ་ཉན་པ་དང་། བསྐོ་འཇོག་བྱ་རྩིས་ཡོད་པའི་མི་སྣས་བསྐོ་འཇོག་མ་བྱས་སྔོན་གྱི་གཏམ་བཤད།
གྲོས་ཚོགས་ལས་མཚོ་སྔོན་ཞིང་ཆེན་གྱི་ས་ཞིང་དོ་དམ་སྲོལ་ཡིག་འཆར་ཟིན་བཟོ་བཅོས་གནས་ཚུལ་སྐོར་གྱི་སྙན་ཞུ་དང་མཚོ་སྔོན་ཞིང་ཆེན་གྱི་ཆེད་ཁེ་སྐུལ་འདེད་དང་སྲུང་སྐྱོབ་སྲོལ་ཡིག་བཟོ་བཅོས་འཆར་ཟིན་ལ་གྲོས་ཞིབ་བྱས་པའི་མཇུག་འབྲས་སྐོར་གྱི་སྙན་ཞུ། མཚོ་སྔོན་ཞིང་ཆེན་གྱི་སྲིད་འཛིན་ཁྲིམས་འཛིན་ལྟ་སྐུལ་སྲོལ་ཡིག་འཆར་ཟིན་བཟོ་བཅོས་མ་ཡིག་ལ་གྲོས་ཞིབ་བྱས་པའི་གནས་ཚུལ་སྐོར་གྱི་སྙན་ཞུ། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་མེ་ཟོན་སྲོལ་ཡིག་སྐོར་གྱི་གསལ་བཤད། མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཁྲིམས་ལུགས་བྱ་བའི་ཨུ་ཡོན་ལྷན་ཁང་གི2025ལོའི་ཐོ་འགོད་ཞིབ་བཤེར་བྱ་བའི་གནས་ཚུལ་སྐོར་གྱི་སྙན་ཞུ་བཅས་ལ་སྔ་གཞུག་ཏུ་ཉན།
གྲོས་ཚོགས་ལས་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་མེ་ཟོན་སྲོལ་ཡིག་སྐོར་གྱི་ཞིབ་བཤེར་སྙན་ཞུ་དང་མིན་ཧོ་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་མི་དམངས་འཐུས་མི་ཚོགས་ཆེན་གྱི་མིན་ཧོ་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་གི་ལས་རིགས་སློབ་གསོ་འཕེལ་རྒྱས་སྲོལ་ཡིག་མེད་པར་བཟོ་རྒྱུའི་སྐོར་གྱི་ཆོད་དོན། མིན་ཧོ་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་མི་དམངས་འཐུས་མི་ཚོགས་ཆེན་གྱི་མིན་ཧོ་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་གི་ལས་རིགས་སློབ་གསོ་འཕེལ་རྒྱས་སྲོལ་ཡིག་མེད་པར་བཟོ་རྒྱུའི་ཆོད་དོན་སྐོར་གྱི་ཞིབ་བཤེར་སྙན་ཞུ། རྟ་ཐང་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྟ་ཐང་ཧོས་རིགས་ཧོར་རིགས་རང་སྐྱོང་གི་ནགས་ལས་དོ་དམ་སྲོལ་ཡིག་མེད་པར་བཟོ་རྒྱུའི་སྐོར་གྱི་ཆོད་དོན་དང་། རྟ་ཐང་ཧོས་རིགས་ཧོར་རིགས་རང་སྐྱོང་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྟ་ཐང་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་གི་ནགས་ལས་དོ་དམ་སྲོལ་ཡིག་མེད་པར་བཟོ་རྒྱུའི་ཆོད་དོན་སྐོར་གྱི་ཞིབ་བཤེར་སྙན་ཞུ། ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་གི་ནགས་ཚལ་དོ་སྲུང་སྲོལ་ཡིག་མེད་པར་བཟོ་རྒྱུའི་སྐོར་གྱི་ཆོད་དོན་དང་། ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་གི་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་གི་ནགས་ཚལ་དོ་སྲུང་སྲོལ་ཡིག་མེད་པར་བཟོ་རྒྱུའི་ཆོད་དོན་སྐོར་གྱི་ཞིབ་བཤེར་སྙན་ཞུ། མིན་ཡོན་ཧོས་རིགས་རང་སྐྱོང་རྫོང་མི་དམངས་འཐུས་མི་ཚོགས་ཆེན་གྱི་མིན་ཡོན་ཧོས་རིགས་རང་སྐྱོང་རྫོང་གི་ནགས་ཚལ་སྲུང་སྐྱོབ་དོ་དམ་སྲོལ་ཡིག་མེད་པར་བཟོ་རྒྱུའི་སྐོར་གྱི་ཆོད་དོན་དང་། མིན་ཡོན་ཧོས་རིགས་རང་སྐྱོང་རྫོང་མི་དམངས་འཐུས་མི་ཚོགས་ཆེན་གྱི་མིན་ཡོན་ཧོས་རིགས་རང་སྐྱོང་གི་ནགས་ཚལ་སྲུང་སྐྱོབ་དོ་དམ་སྲོལ་ཡིག་མེད་པར་བཟོ་རྒྱུའི་ཆོད་དོན་སྐོར་གྱི་ཞིབ་བཤེར་སྙན་ཞུ། ཞིང་ཆེན་ཡོངས་ཀྱི་རྫོང་དང་ཞང་རིམ་པ་གཉིས་ཀྱི་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་སྐབས་བརྗེ་འདེམ་བསྐོའི་དུས་ཚོད་སྐོར་གྱི་ཆོད་དོན་འཆར་ཟིན། མཚོ་སྔོན་ཞིང་ཆེན་གྱི་རྫོང་རིམ་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མིའི་མི་གྲངས་སྐོར་གྱི་ཆོད་དོན་འཆར་ཟིན། མཚོ་སྔོན་ཞིང་ཆེན་གྱི་རྫོང་རིམ་པའི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མིའི་མི་གྲངས་སྐོར་གྱི་ཆོད་དོན་འཆར་ཟིན་བཅས་པར་འགྲེམ་བྱས།
ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ལིའུ་མེ་ཕིན་དང་ཧྲིན་ཀྲང་གཞོན་པ་ལི་ཧུང་ཡ། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་ཀྲང་ཙི་ཅུན། ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་འགན་ཁུར་པ་སོགས་གྲོས་ཚོགས་ལ་ཟུར་ཞུགས་བྱས།