ཟླ3ཚེས30ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཛམ་གླིང་གཞི་གྲངས་རྩ་འཛུགས་བཙུགས་པར་ཤིས་འཕྲིན་སྤྲིངས།
ཞི་ཅིན་ཕིང་གིས་བསྟན་དོན། དེང་སྐབས་འཛམ་གླིང་འདི་ཉིད་རིག་ནུས་དུས་རབས་སུ་མགྱོགས་མྱུར་ངང་སྐྱོད་བཞིན་ཡོད་ལ། གཞི་གྲངས་རྨང་གཞིའི་ཐོན་ཁུངས་ཀྱི་ནུས་པ་དང་གསར་གཏོད་སྒུལ་ཤུགས་ཀྱི་ནུས་པ་ཉིན་བཞིན་མངོན་གསལ་དུ་འགྲོ་བཞིན་ཡོད། འཛམ་གླིང་གཞི་གྲངས་རྩ་འཛུགས་ཀྱིས“གཞི་གྲངས་ཀྱི་ཁྱད་པར་སེལ་བ་དང་། གཞི་གྲངས་ཀྱི་རིན་ཐང་འདོན་པ། གྲངས་ཀའི་དཔལ་འབྱོར་དར་རྒྱས་གཏོང་བ”བཅས་དམིགས་ཡུལ་དུ་བཟུང་སྟེ། གཞི་གྲངས་རྒྱལ་སྤྱིའི་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་དང་འཛམ་གླིང་ཡོངས་ཀྱི་གཞི་གྲངས་བཅོས་སྐྱོང་འཐུས་ཚང་དུ་གཏོང་བར་ཕན་ཡོད་སྟེགས་བུ་འདོན་སྤྲོད་བྱས།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོས་མཉམ་གྲོས་མཉམ་སྐྲུན་མཉམ་སྤྱོད་ཀྱི་འདུ་ཤེས་བཟུང་སྟེ། འཛམ་གླིང་གཞི་གྲངས་རྩ་འཛུགས་ཀྱིས་ནུས་པ་འདོན་པར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ལ། ཕྱོགས་སོ་སོ་དང་མཉམ་དུ་གཞི་གྲངས་བཅོས་སྐྱོང་ལམ་སྲོལ་གྱི་ངོས་འཛིན་གཅིག་མཐུན་གཅིག་སྡུད་བྱས་ནས། རྩིས་རིག་ལག་རྩལ་གསར་གཏོད་བྱེད་པར་སྐུལ་འདེད་དང་། གཞི་གྲངས་ཀྱི་བདེ་འཇགས་གོ་རིམ་ལྡན་པའི་འཁོར་སྐྱོད་དང་ལས་ཆོད་ཆེ་བའི་གསར་སྤེལ་བེད་སྤྱོད་ལ་སྐུལ་འདེད། འཛམ་གླིང་གཞི་གྲངས་དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་ཞབས་འདེགས་ཞུས་ཏེ། གཞི་གྲངས་ཁེ་སྤོགས་ཀྱིས་རྒྱལ་ཁབ་ཁག་གི་མི་དམངས་ལ་སྔར་བས་བདེ་སྐྱིད་བསྐྲུན་ངེས།
འཛམ་གླིང་གཞི་གྲངས་རྩ་འཛུགས་བཙུགས་པའི་ཚོགས་ཆེན་ཚེས་སུམ་ཅུ་ཉིན་པེ་ཅིང་དུ་འཚོགས་ཤིང་། དེའི་བརྗོད་དོན་ནི“གཞི་གྲངས་མཉམ་ལས་ལས་སྟེགས་མཉམ་སྐྲུན་བྱས་ཏེ་གཞི་གྲངས་འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་བྱེད”ཅེས་པ་རེད། རྩ་འཛུགས་དེའི་ཚོགས་མིའི་ནང་འཛམ་གླིང་གི་གཞི་གྲངས་ཁྱབ་ཁོངས་ཀྱི་འབྲེལ་ཡོད་ཁེ་ལས་དང་མཐོ་རིམ་སློབ་གྲྭ རིག་མཛོད། རྒྱལ་སྤྱིའི་རྩ་འཛུགས། དངུལ་རྩའི་ལས་ཁུངས་སོགས་ཚུད་ཡོད།