“ལོ་ལྔའི་འཆར་འགོད་བཅོ་ལྔ་པ”འགོ་རྩོམ་པའི་ལོར། རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་དམིགས་འབེན་ལ་གཞིགས་པའི་བརྗིད་ཆེའི་འཆར་གཞི་དེ་མེས་རྒྱལ་གྱི་ས་གཞི་ཆེན་མོར་རིམ་གྱིས་བཀྲམ། མིག་སྔར་འབྲི་ཆུའི་འགྲམ་རྒྱུད་ནས་མཚོ་རྒྱུད་བར། འགྲིམ་འགྲུལ་འཕར་རྩ་གསར་པ་རྒྱུན་བསྲིངས་ཏེ། ཁུལ་ཁོངས་འཕེལ་རྒྱས་ལ་རྒྱུན་ཆད་མེད་པའི་སྒུལ་ནུས་གསར་པ་བསྩལ།
འབྲི་ཆུ་རྒྱ་མཚོར་འབབ་པ་དང་། ཟོག་འདྲེན་གྲུ་གཟིངས་ཆེན་མོ་ཕར་འགྲོ་ཚུར་འོང་བྱེད་ལ། ཆུ་ལམ་རྒྱུད་དུ་བྲེལ་འཚུབ་རྣམ་པས་ཁེངས་འདུག གཙང་འགྲམ་དུ། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”གལ་ཆེའི་བཟོ་སྐྲུན་ཏེ། འབྲི་ཆུའི་རྒྱུད་ཀྱི་མྱུར་བགྲོད་ལྕགས་ལམ་གྱི་མཚོན་རྟགས་རང་བཞིན་གྱི་ལས་གཞི་མགྱོགས་མྱུར་སྒོས་སྐྲུན་བཞིན་ཡོད།
ཀྲུང་དབང་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་གསར་འགོད་པ་ཀྲང་དབྱི་ཅིན་གྱིས་བཤད་རྒྱུར། འབྲི་ཆུའི་ཆུ་འོག་གི་སྨི་གྱ་དགུ་ཡི་མཚམས་སུ། འཛམ་གླིང་གི་ཚངས་ཐིག་ཆེས་ཆེ་བའི་མྱུར་བགྲོད་ལྕགས་ལམ་གྱི་འབིགས་འཕྲུལ་གྱིས་མགྱོགས་མྱུར་ངང་སྔོག་འདོན་བྱེད་བཞིན་ཡོད། འབིགས་འཕྲུལ་འདི་ལས་ཏག་ཏག་ཁང་བརྩེགས་ལྔའི་མཐོ་ཚད་ཡོད་པ་མཐོང་ཐུབ། འདིའི་བར་སྟོང་ཆེ་ས་རུ། རིང་ཚད་སྤྱི་ལེ14ཡོད་པའི་གཙང་མཐིལ་ཕུག་ལམ་ཞིག་ཤར་གཏོང་བྱས་ནས། མྱུར་བགྲོད་ལྕགས་ལམ་བདེ་བླག་ངང་འབྲི་ཆུར་བརྒལ་རྒྱུ་རེད།
ཀྲུང་གོ་ལྕགས་ལམ་ཕུག་ལམ་ཅུས་ཁྲུང་ཐའེ་འབྲི་ཆུའི་ཕུག་ལམ་ལས་གཞི་ཡི་སྤྱི་ཁྱབ་བཟོ་བཀོད་པ་ལི་པིན་གྱིས་བཤད་རྒྱུར། ང་ཚོས་སྒྲིག་ཆས་འདི་ལ་ཚོར་བ་སྐྱེན་པའི“དབང་རྩའི་སྣེ་མོ”དང་བློ་གྲོས“ཀླད་པ”སྒྲིག་སྦྱོར་བྱས་ཡོད་པ་དང་། ཞིབ་ཕྲའི་སྒོ་ནས་དེའི་རྣམ་འགྱུར་ཚོད་འཛིན་བྱེད་ཐུབ། སྔོན་དཔག་བྱས་ན་ད་ལོའི་ལོ་མཇུག་ཏུ་ཁྱོན་ཡོངས་ཀྱི་ཕུག་ལམ་ཤར་གཏོང་བྱ་རྒྱུ་རེད།
“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”རྩ་གནད་ནང་། ཚད་གཞི་མཐོ་བའི་འབྲི་ཆུའི་རྒྱུད་ཀྱི་མྱུར་བགྲོད་ལྕགས་ལམ་ཤར་བགྲོད་ཐུབ་པ་དེ། བཟོ་སྐྲུན་ལས་གཞི་གལ་ཆེན109ཡི་གྲས་སུ་བཅུག་ཡོད། དེ་ཧྲང་ཧའེ་ནས་ཁྲེང་ཏུའུ་བར་རྒྱུན་བསྲིངས་བྱ་རྒྱུ་ཡིན་པ་དང་། གྲོང་ཁྱེར་ཁྱུ་ཚོགས་ཆེན་པོ་གསུམ་དང་སྦྲེལ་མཐུད་བྱས་ནས་སྤྱི་ལེ2000ཙམ་རྒྱུན་བསྲིངས་རྒྱུ་རེད།
མྱུར་བགྲོད་ལྕགས་ལམ་རྒྱུན་བསྲིངས་བྱས་ནས་འཕེལ་རྒྱས་ཀྱི་གོ་སྐབས་དེ་རྒྱ་བསྐྱེད་དགོས། ཕུག་ལམ་གྱི་ཟམ་པ་བརྒྱུད་དེ། འབིགས་འཕྲུལ200ལྷག་དང་ཟམ་པ་སྐྲུན་པའི་འཕྲུལ་འཁོར་སོགས་སྒྲིག་ཆས་ཆེན་མོ་ཞིབ་འཇུག་གསར་སྤེལ་གྱི་སྒྲིག་སྲོལ་བཟོ་རྒྱུར་སྐུལ་ཁྲིད་བྱས། ལྕགས་ལམ་བཏིང་བས་ཏུན་འབུམ་ལྔ་དང་ཁྲི་བདུན་ཡོད་པའི་དམིགས་བསལ་ངར་ལྕགས་ཕྱིར་ཚོང་མངགས་ཐོ་བཟོས། ཕུག་ལམ་ལྷུ་སྒྲིག་བྱེད་པར་སྤྱོད་པའི་ཨར་འདམ་སྔོན་བཟོའི་ལྷུ་ལག་ལས་རིག་ནུས་བཟོ་སྐྲུན་བཟོ་གྲྭ་ཞིག་བསྐྲུན་ཡོད། འབྲི་ཆུའི་རྒྱུད་ཀྱི་མྱུར་བགྲོད་ལྕགས་ལམ་ལ་དངུལ་གཏོང་བསྡོམས་འབོར་སྒོར་ཁྲག་ཁྲིག་ལྔ་ལས་བརྒལ་བ་བཏང་ཡོད་ལ། ཚོད་རྩིས་བྱས་པར་གཞིགས་ན། ཆུ་རྒྱུད་སྟོད་སྨད་ཀྱི་ལས་རིགས་ཀྱི་རིན་ཐང་འཕར་མ་སྒོར་ཁྲག་ཆེན་གཅིག་ཁྲག་ཁྲིག་ལྔ་ཙམ་འཕར་བར་སྐུལ་ཁྲིད་ཐུབ་པ་བྱ་རྒྱུ་རེད།
དཔལ་འབྱོར་བར་ཁྱམས་གསར་པ་ཞིག་ཀྱང་མགྱོགས་མྱུར་ངང་གྲུབ་ཡོད་དེ། འབྲི་ཆུའི་རྒྱུད་ཀྱི་མྱུར་བགྲོད་ལྕགས་ལམ་དང་རྒྱལ་ཁབ་རིམ་པའི་སྔོན་ཐོན་བཟོ་སྐྲུན་ལས་རིགས་ཁྱུ་ཚོགས་ཀྱི་ཁྱབ་ཚུལ་རི་མོ་རྩེག་སྣོན་བྱས་ན། དེས་རྒྱལ་ཡོངས་ཀྱི་བཞི་ཆའི་གཅིག་ལས་བརྒལ་བའི་རྒྱལ་ཁབ་རིམ་པའི་སྔོན་ཐོན་བཟོ་སྐྲུན་ལས་རིགས་ཁྱུ་ཚོགས་སྦྲེལ་མཐུད་བྱ་རྒྱུ་ཡིན་པ་ཤེས་ཐུབ་པ་མ་ཟད། ད་དུང་རྒྱལ་ཡོངས་ཀྱི་གཙོ་གནད་ཚོད་ལྟ་ཁང་བརྒྱ་ཆའི་བཞི་བཅུ་ཙམ་སྦྲེལ་མཐུད་བྱས་ནས། གསར་གཏོད་ཐོན་ཁུངས་ལྕགས་ལམ་བརྒྱུད་མགྱོགས་མྱུར་ངང་འཁོར་རྒྱུག་བྱ་རྒྱུ་རེད། ཡང་བསྐྱར་ཆེ་ར་བཏང་ནས་བལྟས་ན། མྱུར་བགྲོད་ལྕགས་ལམ་ས་ཚིགས་གསར་བ་དེ་དང་བསྟུན་ནས་བྱུང་ཡོད། ལམ་རྒྱུད་ཀྱི་གྲོང་ཁྱེར་ཆུང་བ20ལྷག་གིས་དུས་ཚོད་རེའི་མྱུར་ཚད་སྤྱི་ལེ350ཡིན་པར་ཐོག་མར་སྦྲེལ་མཐུད་བྱུང་ནས། ཡུལ་དུས་ཀྱི་བར་ཐག་ཆེས་ཆེར་ཇེ་ཐུང་དུ་བཏང་བ་དང་། འཕེལ་རྒྱས་ཀྱི་གོ་སྐབས་ཐད་ཀར་སྒོ་འགྲམ་དུ་སླེབས་པར་བྱས་ཡོད།
སི་ཁྲོན་ལེ་ཀྲི་རྫོང་དུ་། མྱུར་བགྲོད་ལྕགས་ལམ་གྱི་ས་ཚིགས་ད་དུང་འཛུགས་སྐྲུན་བྱེད་བཞིན་ཡོད་ལ། ལག་འཁྱེར་ཁ་པར་གྱི་འཕྲིན་ཡིག་གི་གཞི་གྲངས་ཆེན་པོར་འགྱུར་ལྡོག་བྱུང་། མྱུར་བགྲོད་ལྕགས་ལམ་ས་ཚིགས་ལས་འགོ་བཙུགས་པའི་ཚུན་དུ། ས་གནས་ཀྱི་ཚོང་དོན་མི་སྣའི་འགྲོ་འོང་ལོ་རེ་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད་ལ། རྟོག་ཞིབ་ཚོགས་པ་མི་ཉུང་བ་ཞིག་གིས་གཅིག་རྗེས་གཉིས་མཐུད་ངང་མཉམ་ལས་ཀྱི་བསམ་འདུན་ལ་མིང་རྟགས་བཀོད།
སི་ཁྲོན་ཞིང་ཆེན་ཙི་དབྱང་གྲོང་ཁྱེར་ལེ་ཀྲི་རྫོང་གི་དངུལ་གཏོང་ཚོང་པ་ཁྲེན་ལེའང་ཧྥུང་གིས་བཤད་རྒྱུར། ད་ལྟ་དུས་རིམ་དང་པོའི(ལས་གཞི)འཁོར་སྐྱོད་བྱས་མ་ཐག་ཡིན། ང་ཚོས་མྱུར་དུ་དུས་རིམ་གཉིས་པར་གྲ་སྒྲིག་བྱེད་པ་ནི་མྱུར་བགྲོད་ལྕགས་ལམ་ཤར་གཏོང་མ་བྱས་གོང་གོ་སྐབས་སྔོན་ལ་དམ་འཛིན་བྱས་པ་ཙམ་ཡིན།
“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”རྩ་གནད་ལ་ཕྱིར་ལྟ་བྱས་ཚེ། ཁུལ་ཁོངས་ལས་བརྒལ་བ་དང་འབབ་རྒྱུད་ལས་བརྒལ་བའི་བགྲོད་ལམ་ཆེན་མོ་སྔར་ལས་མང་བར་འཕེལ་རྒྱས་ཀྱི་རི་མོ་གསར་པ་འབྲི་བཞིན་ཡོད། ཧྲི་ཙེ་དབྱང་བགྲོད་ལམ་གྱིས་ཀྲུའུ་ཅང་གཙང་པོའི་ངོགས་གཉིས་ཀྱི་བར་ཐག་ཇེ་ཉེ་རུ་བཏང་ནས། ཀོང་ཏུང་དང་ཞང་ཀང་། ཨའོ་མོན་བཅས་ཀྱི་མཚོ་ཁུག་ཆེན་མོའི་ཁུལ་དུ་འཛམ་གླིང་རིམ་པའི་གྲོང་ཁྱེར་ཁྱུ་ཚོགས་མགྱོགས་མྱུར་སྒོས་བསྐྲུན་པར་རམ་འདེགས་བྱས། ཕིང་ལུའུ་མིས་བཟོས་གཙང་པོས་ལྷོ་ནུབ་ཀྱི་རྒྱ་མཚོ་སྒྲོལ་བར་ཆེས་མགྱོགས་པའི་བགྲོད་ལམ་བསྐྲུན་ཏེ། སྐམ་སའི་དབུས་ཁུལ་དང་བྱང་རྒྱུད་མཚོ་ཁུག་མཚོ་ཁོངས་གཞི་གཅིག་ཏུ་སྦྲེལ་ཡོད།
“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”དུས་མཇུག་ཏུ། རང་རྒྱལ་གྱིས“གཞུང་བརྒྱད་འཕྲེད་བརྒྱད”ཀྱི་མྱུར་བགྲོད་ལྕགས་ལམ་གྱི་བགྲོད་ལམ་གཙོ་བོ་གཞི་རྩའི་ཆ་ནས་བསྐྲུན་པ་དང་། རྒྱལ་ཁབ་ཀྱི་ཕྱོགས་བསྡུས་ལངས་གཟུགས་འགྲིམ་འགྲུལ་དྲ་བའི་སྒྲོམ་གཞི་གཙོ་བོ་བསྐྲུན་ཚད་ད་ལྟའི་བརྒྱ་ཆའི་དགུ་བཅུ་ནས་བརྒྱ་ཆའི་གོ་ལྔ་ཡན་དུ་མཐོར་འདེགས་གཏོང་རྒྱུ་རེད།
རི་ཀླུང་གིས་བཀག་རྒྱ་ཐེབས་པ་དེ་ཁེགས་མེད་ཀྱི་བགྲོད་ལམ་ཆེན་པོ་ཞིག་ཏུ་བསྒྱུར་ནས། ཁུལ་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བའི་མི་མངོན་པའི་ནུས་པ་དེ་ཁྱོན་ཡོངས་ནས་སྐུལ་སློང་བྱེད་བཞིན་ཡོད།