ཞིང་ཆེན་ཏང་ཨུའི་སྒྲིག་འཛུགས་གཞུང་སྒྲུབ་ཁང་གི་སྡེ་སྡོད་བྱ་བའི་རུ་ཁག་གིས་སྲིད་ཇུས་སྒྲོག་འགྲེལ་དང་བརྩེ་བ་བརྒྱུད་སྤྲོད་བྱས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

2026ལོའི་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཡིག་ཆ་དང་པོའི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱ་ཆེད་ལས་བྱེད་པ་ཁྲི་གཞི་རིམ་དུ་བསྐྱོད་པའི་བྱེད་སྒོ་སྤེལ་བར་སྐུལ་འདེད་བཏང་སྟེ། ཟླ3པའི་ཚེས19ཉིན། ཞིང་ཆེན་ཏང་ཨུའི་སྒྲིག་འཛུགས་གཞུང་སྒྲུབ་ཁང་གི་སྡེ་སྡོད་བྱ་བའི་རུ་ཁག་གིས་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་བོན་རྒྱ་ཞང་དར་དམར་སྡེ་བར་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཡིག་ཆ་དང་པོའི་དགོངས་དོན་གཅིག་བསྡུས་སྒྲོག་འགྲེལ་བྱས་པ་དང་བརྩེ་བའི་དངོས་སྦྱིན་བྱེད་སྒོ་སྤེལ།

སྲིད་ཇུས་སྒྲོག་འགྲེལ་བྱེད་སྐབས་སྒྲོག་འགྲེལ་ཚན་ཆུང་གིས་ཞིང་ལས་ཞིང་སྡེ་དེང་རབས་ཅན་དང་གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་གཏོང་བར་སྐུལ་འདེད་གཏོང་བའི་བརྗོད་དོན་ལ་དམ་དུ་སྦྲེལ་ནས་འབྲུ་རིགས་བདེ་འཇགས་དང་རྩྭ་ཐང་སྲུང་སྐྱོབ། ཐོན་ལས་འཕེལ་རྒྱས། འབྲོག་པ་མང་ཚོགས་ཕྱུག་འགྱུར་ཡོང་བ། འཆམ་མཐུན་མཛེས་སྡུག་གི་གྲོང་གསེབ་འཛུགས་སྐྲུན། གནད་ཁེལ་རོགས་སྐྱོར་རྒྱུན་རྣམ་ཅན་སོགས་འབྲོག་པ་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་གནད་དོན་གལ་ཆེན་ལ་དམིགས་ནས་བོད་རྒྱ་སྐད་གཉིས་དང་འབྲོག་ཁུལ་གྱི་དངོས་བྱུང་གི་དཔེ་གཞི་བརྒྱུད་ནས་མང་ཚོགས་ལ་སྲིད་ཇུས་ཀྱི་ཕན་ཁེ་དང་འཕེལ་རྒྱས་གོ་སྐབས། དམངས་ཚིས་འགན་སྲུང་སོགས་སྒྲོག་འགྲེལ་ཞིབ་ཕྲ་བྱས། དེ་མིན་དར་དམར་སྡེ་བའི་ཕྱུགས་ལས་འཕེལ་རྒྱས་དང་རྨང་གཞི་སྒྲིག་ཆས་འཛུགས་སྐྱོང་། ཕྱིར་དབུལ་བོར་འགྱུར་བ་སྔོན་འགོག་བྱེད་པར་ལྟ་ཞིབ་བྱེད་པ་སོགས་ཀྱི་གནས་ཚུལ་དང་བསྟུན་ནས་གོ་སླ་བའི་ཁ་བརྡའི་རྣམ་པས་ཡུལ་དངོས་ནས་དོགས་གཞི་སེལ་བ་དང་ཕན་ཚུན་བརྗེ་རེས་བྱས་ནས་འབྲོག་པ་མང་ཚོགས་ཀྱིས་གོ་སླ་བ་དང་ཡིད་ལ་འཛིན་བདེ་བ། ཕན་པ་ཡོད་པར་བྱས་ནས་གྲོང་གསེབ་དར་སྤེལ་གཏོང་བར་བསམ་བློའི་ངོས་ནས་གཅིག་མཐུན་ཡོང་བ་དང་འབབ་འཕར་ཕྱུག་འགྱུར་གྱི་ཡིད་ཆེས་ཆེ་རུ་བསྐྱེད་ནས་མང་ཚོགས་ཀྱི་ནང་གནས་སྒུལ་ཤུགས་ཆེ་རུ་བསྐྱེད།

སྒྲོག་འགྲེལ་མཇུག་རྫོགས་རྗེས་སྡེ་སྡོད་བྱ་བའི་རུ་ཁག་གིས་མཚོ་སྔོན་ཞིང་ཆེན་སྤྱི་ཚོགས་བྱ་བའི་མཐུན་ཚོགས་དང་མཉམ་འབྲེལ་སྒོས་སྡེ་བའི་དབུལ་ཐར་ཁྱིམ་ཚང་དང་ཏང་ཡོན་རྒན་པ། སྐྱེ་ཁམས་དོ་སྲུང་བ་སོགས་དཀའ་ཁག་ཡོད་པའི་མང་ཚོགས་ལ་ཕྱེ་དང་འབྲས་སོགས་ཏུན་བཞི་ལ་ཉེ་བའི་འཚོ་བའི་མཁོ་དངོས་བྱིན་ནས་བྱ་སྤྱོད་དངོས་ལ་བརྟེན་ནས་བརྩེ་བའི་རང་མདངས་མངོན་པར་བྱས།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།