ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འགོ་ཁྲིད་ཀྱིས་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་སྒྲོག་འགྲེལ་བྱེད་སྒོ་སྤེལ།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ3པའི་ཚེས25ནས་ཚེས26ཉིན། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རེན་གཞོན་པ་དབྱང་ཧྥུན་ཁྲུན་གྱིས་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་དང་། མཚོ་ཤར་གྲོང་ཁྱེར་དུ་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་སྒྲོག་འགྲེལ་བྱས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། སྐབས་བཅུ་བཞི་པའི་རྒྱལ་ཡོངས་དམངས་ཆེན་གྱི་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན། ཞིང་ཆེན་ཡོངས་ཀྱི་འགོ་ཁྲིད་ལས་བྱེད་པའི་གྲོས་ཚོགས་བཅས་ཀྱི་བཀོད་སྒྲིག་བླང་བྱ་ལྟར། བརྟན་ཐོག་ཡར་འཕེལ་དང་བདེན་སྲུང་གསར་སྐྲུན། སྤུས་འདེགས་ཕན་འཕར་བཅས་རྒྱུན་འཁྱོངས་བྱས་ཏེ། དམངས་ཆེན་བྱ་བའི་འགོ་རྩོམ་ས་དང་རྐང་འཛུགས་ས་ཡང་དག་པར་བཙལ་ནས། སྤུས་ཚད་མཐོ་བའི་དམངས་ཆེན་གྱི་བྱ་བའི་ཞབས་ཞུར་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འགན་སྲུང་བྱ་དགོས་པ་ནན་གྱིས་བསྟན།

དབྱང་ཧྥུན་ཁྲུན་གྱིས་རྨ་ལྷོ་ཁུལ་དང་མཚོ་ཤར་གྲོང་ཁྱེར་དུ་གཞི་རིམ་བཅོས་སྐྱོང་དང་མི་རིགས་མཐུན་སྒྲིལ། འཐུས་མིས་འབྲེལ་གཏུག ཐོན་ལས་འཕེལ་རྒྱས་སོགས་ལ་དམིགས་ཏེ་རྟོག་ཞིབ་བྱ་བ་སྤེལ་སྐབས། ས་ཆ་གཉིས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་དམངས་ཆེན་གྱི་འགན་སྒྲུབ་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས། རིམ་པ་སོ་སོའི་དམངས་ཆེན་གྱིས་བསམ་བློ་དང་བྱ་སྤྱོད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་དང་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་སྟེང་དངོས་གནས་གཅིག་གྱུར་བྱས་ཏེ། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འགོ་ཡག་པོ་རྩོམ་པ་དང་གོམ་སྟབས་ལེགས་པོ་སྤོ་བར་རྐང་བཙུགས་ཏེ། སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱེད་པའི་སློབ་སྦྱོང་སློབ་གསོ་ཏན་ཏིག་གིས་སྤེལ་ནས། ཆབ་སྲིད་ཀྱི་ལས་ཁུངས་རྒྱུན་མི་ཆད་པར་སྟོབས་ཆེར་གཏོང་བ་དང་།     དབང་འཛིན་ལས་ཁུངས་ལེགས་འཛུགས་བྱེད་པ།   བྱ་བའི་ལས་ཁུངས་དངོས་འཛུགས་པ།     འཐུས་མིའི་ལས་ཁུངས་ཡག་པོ་འཛུགས་པ་བཅས་བྱས་ནས། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་པ་དང་། མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ལམ་ལུགས་དེ་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོའི་གལ་ཆེའི་ལམ་ལུགས་ཀྱི་གཞི་རྟེན་ཡིན་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ།     ཁྲིམས་ལྟར་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་སྤྲད་པའི་འགན་འཁྲི་སྣ་ཚོགས་ལག་བསྟར་བྱས་ནས། དམངས་ཆེན་ལམ་ལུགས་ཀྱི་ལེགས་ཆ་དེ་བཅོས་སྐྱོང་ནུས་ཕྱོད་དུ་བསྒྱུར་རྒྱུར་སྐུལ་འདེད་བཏང་སྟེ། ཞིང་ཆེན་ཡོངས་ཀྱི་དམངས་ཆེན་ཁོངས་གཏོགས་ཀྱིས་བསམ་སྤྱོད་གཅིག་མཐུན་དང་ཕྱོགས་གཅིག་ཏུ་ཤུགས་སྣོན་པའི་བྱ་བའི་རྣམ་པ་ཆགས་པར་བྱེད་པ་དང་། དམངས་ཆེན་བྱ་བའི་ཁྱོན་ཡོངས་ནས་ཞབས་ཞུ་ཇེ་ལེགས་སུ་བཏང་སྟེ་ཞིང་ཆེན་ཡོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འགན་སྲུང་བྱས་ཏེ། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་དམངས་ཆེན་གྱི་སྟོབས་ཤུགས་འབུལ་དགོས་པ་ནན་གྱིས་བསྟན།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།