ཟླ3པའི་ཚེས25ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིང་གི་2026ལོའི་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་ཐེངས་དང་པོའི་སྟེང་རྒྱུས་ལོན་པ་ལྟར་ན། 2025ལོའི་ཟླ5པར་ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་མངའ་ཁོངས་ཀྱིས་གཞི་ཁྱོན་ལྡན་པའི་ཁེ་ལས་དང་འབྲེལ་བ་ཡོད་པའི་སྐྱེ་ཁམས་ཁོར་ཡུག་སྲིད་འཛིན་ཁྲིམས་བསྟར་གཅིག་སྡུད་བཅོས་སྒྲིག་ཆེད་དམིགས་བྱ་སྤྱོད་སྤེལ་བ་ནས་བཟུང་། མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་མངའ་ཁོངས་ཀྱི་ཁེ་ལས་དང་འབྲེལ་བ་ཡོད་པའི་ཁྲིམས་འཛིན་བྱ་སྤྱོད་སྔར་ལས་ཚད་ལྡན་དུ་ཕྱིན་པ་དང་། ཁེ་ལས་ཀྱི་ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་སྒོས་ཇེ་ལེགས་སུ་ཕྱིན་ཡོད།
ཆེད་དམིགས་བྱ་སྤྱོད་སྤེལ་བ་ནས་བཟུང་། ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་ཁོངས་གཏོགས་ཀྱིས་ཁྲིམས་འཛིན་ཞིབ་བཤེར་ཚན་རིག་དང་མི་མཐུན་པ་དང་། ཞིབ་བཤེར་གོ་རིམ་ཚད་ལྡན་མིན་པ། ཁྲིམས་འཛིན་ཞིབ་བཤེར་དཔལ་ཡོན་མིན་པ། ཁྲིམས་འཛིན་ཡིག་རིགས་གཟབ་ནན་མིན་པ། གྱོད་གཞིའི་སྤུས་ཚད་མི་མཐོ་བ་སོགས་ཐད་ཀྱི་གནད་དོན་གསེད་བཀྲོལ་དང་གྲལ་བཤེར་བྱས་ཏེ། གནད་དོན་ཞིབ་ཐོ་ཆགས་པ་དང་ལེགས་བཅོས་ཇུས་གཞི་བཟོས་ནས་ཧུར་ཐག་གིས་དག་ཐེར་ལེགས་བཅོས་ལ་སྐུལ་འདེད་བཏང་། མིག་སྔར། ཕྱོགས5ཡི་གནད་དོན49ཕྱོགས་ཡོངས་ནས་བཅོས་སྒྲིག་བྱས་ཡོད། ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲིད་འཛིན་ཁྲིམས་བསྟར་ཡིག་སྒྲིལ་སྣ130ལ་འཐེན་བཤེར་དང་དཔྱད་བསྡུར་བྱས་པ་དང་། ཁེ་གཉེར་རང་བཞིན་གྱི་ཁྲིམས་འཛིན་དང་སྒྲིག་འགལ་གྱིས་ས་ཆ་གཞན་དུ་ཁྲིམས་འཛིན་བྱེད་པ། དངུལ་ཆད་གང་འདོད་དུ་གཅོད་པ། སྒོ་ཐེལ་རྒྱག་པ་སོགས་ཐད་ཀྱི་གནད་དོན་མ་རྙེད།
ཡུལ་དངོས་མིན་པའི་ཁྲིམས་འཛིན་ལྟ་སྐུལ་དོ་དམ་བྱེད་སྟངས་ཧུར་ཐག་གིས་ཁྱབ་གདལ་དུ་བཏང་ནས། ཀྲེ་ཅང་ཞིང་ཆེན་ཤར་ནུབ་རྒྱུད་དང“ཆ་སྒྲིག”གི་རོགས་སྐྱོར་དངོས་འཐབ་དམག་སྦྱོང་དོན་འཁྱོལ་བྱས་ཏེ་ཁྲིམས་འཛིན་མི་སྣའི་ཆེད་ལས་ནུས་པ་ཆེ་རུ་བཏང་། ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་མངའ་ཁོངས་ཀྱི་ཡུལ་དངོས་མིན་པའི་ཁྲིམས་འཛིན་བསྡུར་ཚད40%ཡན་ཟིན་པ་དང་། 2025ལོར་ཁྲིམས་འཛིན་ཞིབ་བཤེར་གྱི་མི་གྲངས་དང་ཁེ་ལས་ལ་ཞིབ་བཤེར་བྱས་པའི་གྲངས་ཀ་དུས་མཉམ་ལས་སོ་སོར39%དང38%མར་ཆག་ཡོད་ལ། ཚན་རྩལ་ནུས་སྐྱེད་ལ་བརྟེན་ནས་ཁྲིམས་འཛིན་ལག་བསྟར་མངོན་འགྱུར་བྱས་པས་ཁྲིམས་སྲུང་ཁེ་ལས་ལ“དོན་དག་མེད་ན་བར་ཆད་མི་གཏོང་བ”བྱས་ཡོད།
ཁོང་ཡངས་གཟབ་ནན་གྱི་ལྟ་སྐུལ་དོ་དམ་ལ་སྐུལ་འདེད་བཏང་ནས། རིགས་སྣ19ལ་ཆད་པ་མི་གཅོད་པའི་གནས་ཚུལ་གསལ་བོ་བྱས་ཏེ། རྒྱུན་རྣམ་ཅན་གྱི་དྲང་ཕྱོགས་གསལ་ཁྲ་རིགས་དབྱེ་དོ་དམ་ལག་བསྟར་བྱས། 2025ལོར་ཁྲིམས་འགལ་ཅུང་ཙམ་བྱས་པར་སྲིད་འཛིན་ཆད་གཅོད་མི་བྱེད་པའི་གྱོད་གཞི29ཞིབ་བཤེར་ཐག་གཅོད་བྱས་ནས། ཆད་གཅོད་མི་བྱེད་པའི་དངུལ་གྲངས་སྒོར་བྱེ་བ་གཅིག་དང་ས་ཡ་གཉིས་འབུམ་བཞི་ཁྲི་བཞི་ལྷག་ལ་སླེབས་པ་དང་། དུས་མཉམ་ལས243%འཕར་ཡོད།
ལྟ་སྐུལ་མཛུབ་ཁྲིད་བརྟག་ཞིབ་དང་ཆེད་དམིགས་ཞིབ་བཤེར། ཆེད་མཁས་པས་རོགས་སྐྱོར། རྩལ་ནུས་འགྲན་བསྡུར་སོགས་ཀྱི་བྱ་ཐབས་སྤྱད་དེ། གཞི་རིམ་ཁྲིམས་འཛིན་མི་སྣའི་ལས་སྒོའི་ནུས་པ་མངོན་གསལ་སྒོས་མཐོར་འདེགས་བྱུང་ཡོད་པ་དང་། ཁྲིམས་འཛིན་ཡིག་སྒྲིལ་ཁྲིམས་མཐུན་རང་བཞིན་དང་ཚད་ལྡན་རང་བཞིན་མུ་མཐུད་དུ་མཐོ་རུ་ཕྱིན་ཡོད་ལ། ལྟ་ཞིབ་དང་སྲིད་འཛིན་ཁྲིམས་བསྟར་གྱི་སྤུས་ཚད་དང་ཕན་འབྲས་སྔར་ལས་ཆེ་རུ་ཕྱིན་ཡོད་པས། སྐྱེ་ཁམས་ཁོར་ཡུག་ལྟ་སྐུལ་དོ་དམ་དང་ཁེ་ལས་འཕེལ་རྒྱས་མངོན་འགྱུར་བྱེད་པར་དགེ་མཚན་ལྡན་པའི་མཉམ་འགུལ་བྱུང་ཡོད།