ཟླ3པའི་ཚེས22ཉིན་གྱི་དགོང་མོར། མཚོ་སྔོན་ཞིང་ཆེན་གྱི་ཟློས་གར་འཁྲབ་སྟོན་པའི་མཐུན་ཚོགས་ཀྱིས་བདམས་ཐོན་བྱུང་ཞིང་མཚོ་སྔོན་ཞིང་ཆེན་བོད་ཀྱི་ཟློས་གར་ཚོགས་པའི་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་རིགས་གླུ་གར་ཟློས་གར་ཚོགས་པས་གསར་གཏོད་དང་འཁྲབ་སྟོན་བྱས་པའི་ཨ་མདོའི་བོད་ཀྱི་ཟློས་གར་ཆུང་གྲས་ཡིད་འཕྲོག་ལྷ་མོ་ལས་ལྐོག་གཡོ་ཞེས་པ་ཧྲན་ཏུང་པོ་ཞིན་དུ་སྤེལ་བའི་སྐབས་གཉིས་པའི་ཀྲུང་གོའི་ཟློས་གར་གྱི་ཁྱད་ལྡན་ཟློས་གར་གྱི་འགྲེམས་སྟོན་སྟེང་ངོ་མཚར་ཆེ་བའི་ངང་འཁྲབ་སྟོན་བྱས་ཏེ་ཕུལ་བྱུང་ཟློས་གར་གྱི་བྱ་དགའ་ཐོབ། དེ་ནི་མཚོ་སྔོན་ཞིང་ཆེན་གྱི་ཁྱད་ལྡན་ཟློས་གར་ཐེངས་གཉིས་པར་རྒྱལ་ཡོངས་རང་བཞིན་གྱི་འགྲེམས་སྟོན་གར་སྟེགས་སུ་ཞུགས་པ་རེད།
ཐེངས་འདིའི་འཁྲབ་སྟོན་ནི་ཀྲུང་གོ་ཟློས་གར་མཐུན་ཚོགས་དང་། ཧྲན་ཏུང་ཞིང་ཆེན་རྩོམ་རིག་མཉམ་འབྲེལ་ལྷན་ཚོགས། ཧྲན་ཏུང་ཞིང་ཆེན་རིག་གནས་ཡུལ་སྐོར་ཐིང་། པིན་ཀྲོའུ་གྲོང་ཁྱེར་མི་དམངས་སྲིད་གཞུང་བཅས་ཀྱིས་མཉམ་འབྲེལ་སྒོས་གཙོ་སྒྲུབ་བྱས་པ་དང་། ཟླ3པའི་ཚེས15ཉིན་ནས་ཚེས23ཉིན་བར་ཧྲན་ཏུང་པའོ་ཞིན་ནས་སྤེལ་བ་ཡིན་ལ། རྒྱལ་ཡོངས་ཀྱི་ཁྱད་ལྡན་ཟློས་གར་རིགས36གཅིག་སྡུད་བྱས་ཏེ། ཕུལ་བྱུང་ཟློས་གར་ཆེ་གྲས5དང་ཆུང་གྲས31གཅིག་བསྡུས་འགྲེམས་སྟོན་བྱས་པས་ལྟད་མོ་བ་ཚོར་སྤུས་ཚད་མཐོ་བའི་ཟློས་གར་སྒྱུ་རྩལ་གྱི་གསོལ་སྟོན་གཟབ་རྒྱས་ཤིག་བཤམས།
ཡིད་འཕྲིད་ལྷ་མོ་ལས་ལྐོག་གཡོ་ནི་ཨ་མདོའི་ཟློས་གར་གྱི་རིགས་གལ་ཆེན་ཡིན་ལ། ལྷའི་སྲས་མོ་ཡིད་འཕྲོག་ལྷ་མོ་དང་ཆོས་རྒྱལ་ནོར་བཟང་གཉིས་བར་ཕན་ཚུན་བརྩེ་དུང་ཟབ་མོ་ཆགས་རྗེས། བཙུན་མོ་དང་ཨ་མཆོད་ལྷ་རི་གཉིས་ཀྱིས་མཉམ་འབྲེལ་སྒོས་གནོད་པ་སྐྱེལ། དཀའ་སྡུག་གི་གནས་སུ་ལྷུང་ཡང་བརྩེ་དུང་རྣལ་མར་འགྱུར་ལྡོག་མ་བྱུང་། མཐར་རྒྱལ་མོའི་རོགས་རམ་འོག་ཉེན་ཁ་ལས་ཐར་བ་དང་མི་ངན་གྱི་ལྐོག་གཡོ་ཐེར་འདོན་བྱས་པའི་གཏམ་རྒྱུད་ཅིག་རེད། ཟློས་གར་དེ་བོད་ཀྱི་ཟློས་གར་གྱི་སྐད་གདངས་མཐོན་པོ་དང་། སྲོལ་རྒྱུན་གྱི་གདོང་འབོག་དང་རྒྱན་གོས་བཅས་ལ་བརྟེན་ནས་གངས་ལྗོངས་ཟློས་གར་གྱི་ཐུན་མོང་མ་ཡིན་པའི་སྒྱུ་རྩལ་གྱི་བྲོ་བ་མངོན་ཡོད།
ཡིད་འཕྲོག་ལྷ་མོ་ལས་ལྐོག་གཡོ་ཞེས་པ་འགྲེམ་སྟོན་འཁྲབ་སྟོན་ནང་བདམས་ཐོན་བྱུང་རྗེས། མཚོ་སྔོན་ཞིང་ཆེན་གྱི་འཁྲབ་སྟོན་པའི་མཐུན་ཚོགས་ཀྱིས་གོ་རིམ་ཧྲོལ་བོར་མཛུབ་སྟོན་བྱས་ཏེ་ཟློས་གར་གྱི་འཁྲབ་གཞུང་མཐོར་འདེགས་བྱས་པ་དང་ཆེད་དོན་ཞིབ་བརྡར་བྱེད་པར་རྩ་འཛུགས་བྱས་པ། ཟློས་གར་ཚོགས་པའི་འཁྲབ་སྟོན་མི་སྣས་ཞིབ་ཆ་ཡང་ཡང་དཔྱད་ཞིབ་བྱས་ཏེ་ཕུལ་བྱུང་རྩེར་སོན་བརྩོན་ལེན་བྱས་ཤིང་། ཟློས་གར་གྱི་སྒྱུ་རྩལ་ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུ་བཏང་སྟེ་རྒྱལ་ཡོངས་ཀྱི་གར་སྟེགས་ཐོག་ཨ་མདོའི་བོད་ཀྱི་ཟློས་གར་གྱི་ཐུན་མོང་མ་ཡིན་པའི་ཉམས་འགྱུར་དང་རིག་གནས་ཀྱི་རང་མདངས་ཟབ་མོ་གང་ལེགས་སྒོས་མངོན་པར་བྱས་ཡོད།