འབྲི་ཆུའི་དཔལ་འབྱོར་རྒྱུད་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འཆར་གཞི་གསར་པ་མཉམ་དུ་བཀོད།

ཡོང་ཁུངས། རྒྱང་སྒྲོག་བརྙན་འཕྲིན་ཁང་།

ད་ལོ་ནི་ལོ་ལྔའི་འཆར་འགོད་བཅོ་ལྔ་པ་འགོ་ཚུགས་པའི་ལོ་ཡིན། འབྲི་ཆུའི་དཔལ་འབྱོར་རྒྱུད་འཕེལ་རྒྱས་གཏོང་བའི་བཅུ་ལོ་གཉིས་པའི་ལོ་དང་པོ་ཡང་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“འབྲི་ཆུའི་དཔལ་འབྱོར་རྒྱུད་དེ་རང་རྒྱལ་གྱི་སྐྱེ་ཁམས་སྔོན་འགྲོ་དང་ལྗང་མདོག་འཕེལ་རྒྱས་ཀྱི་གཡུལ་ས་གཙོ་བོ་དང་། རྒྱལ་ནང་དང་རྒྱལ་སྤྱིའི་འཁོར་རྒྱུག་གཉིས་ལྡན་གྱི་འཕར་རྩ་གཙོ་བོ། དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་གཙོ་ཤུགས་དམག་བཅས་སུ་འགྱུར་བར་བྱེད་དགོས”ཞེས་གསལ་བོ་བཏོན་ཡོད། ལོ་བཅུའི་རིང་། སྲུང་སྐྱོང་ཆེན་པོ་དམ་འཛིན་དང་། གསར་སྤེལ་ཆེན་པོ་མི་བྱེད་པའི་འདུ་ཤེས་དོན་ཐོག་ཏུ་འཁྱོལ་བ་དང་བསྟུན་ནས། འབྲི་ཆུའི་དཔལ་འབྱོར་རྒྱུད་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུ་གསར་པ་ཞིག་ཏུ་བསྐྱོད་པ་དང་། འབྲི་ཆུའི་མ་ཡུམ་གཙང་པོར་བསྐྱར་དུ་དབྱར་མཚོ་རྒྱས་པ་ལྟར་གྱི་སྐྱེ་སྟོབས་དང་གསོན་ཤུགས་རྒྱས།

 ལེ་བར་ཁྲི་ཡི་འབྲི་ཆུར། གསོན་ཤུགས་རབ་ཏུ་རྒྱས།

ཕྱི་ཕྱོགས་ཉོ་ཚོང་གི་གཞི་གྲངས་གསར་ཤོས་ལས་མངོན་པ་ལྟར་ན། ད་ལོའི་ཟླ་དང་པོ་དང་གཉིས་པའི་ནང་། འབྲི་ཆུའི་དཔལ་འབྱོར་རྒྱུད་ཀྱི་ཕྱི་ཕྱོགས་ཉོ་ཚོང་གིས་གཞི་ཁྱོན་སླར་ཡང་ལོ་རྒྱུས་དུས་མཚུངས་ཀྱི་ཟིན་ཐོ་གསར་པ་བཏོད་པ་དང་། ཞིང་ཆེན་དང་གྲོང་ཁྱེར11གི་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་བསྡོམས་འབོར་སྒོར་ཁྲག་ཆེན་གསུམ་ཁྲག་ཁྲིག་དྲུག་ཐེར་ཆེན་བཞི་ཟིན་པ་དེ། ལོ་སྔོན་མའི་དུས་མཉམ་ལས་བརྒྱ་ཆའི19འཕར་ཡོད། ལོ་བཅུའི་རིང་འབྲི་ཆུའི་རྒྱུད་ཀྱི་ཞིང་ཆེན་དང་གྲོང་ཁྱེར་གྱི་སྒོ་འབྱེད་འཕེལ་རྒྱས་ཀྱི་གོམ་སྟབས་བརྟན་པོ་ཡིན། ཕྱི་ཕྱོགས་ཉོ་ཚོང་གི་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་སྡོམ་འབོར་རིམ་རྩིས་བྱས་ན་སྒོར་རབ་བཀྲམ་ཆེན་མོ་གཅིག་རབ་བཀྲམ་དྲུག་ཁྲག་ཆེན་གཅིག་ལས་བརྒལ་བ་དང་། རྒྱལ་ཡོངས་ཀྱི་བསྡུར་ཚད་ལས45.2%ལས་བརྒལ་ཏེ། རང་རྒྱལ་གྱི་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ལ་སྒུལ་ཤུགས་ཆེན་པོ་བསྣན།

འབྲི་ཆུའི་དཔལ་འབྱོར་རྒྱུད་ཀྱི་འཕེལ་རྒྱས་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐུ་དངོས་སུ་ཇུས་འགོད་དང་། དངོས་སུ་བཀོད་སྒྲིག དངོས་སུ་སྐུལ་འདེད་བཅས་གནང་བའི་ཁུལ་ཁོངས་ཀྱི་འཐབ་ཇུས་གལ་ཆེན་ཞིག་ཡིན། 2016ལོའི་ཟླ1པོའི་ཚེས5ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འབྲི་ཆུའི་དཔལ་འབྱོར་རྒྱུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུར་འགོ་འཛིན་མཛད་དེ།“སྲུང་སྐྱོང་ཆེན་པོ་མཉམ་འཛིན་དང་། གསར་སྤེལ་ཆེན་པོ་མི་བྱེད་པ”ཅེས་པའི་བླང་བྱ་གསལ་བོ་བཏོན། ཟླ་གཉིས་ལྷག་གི་རྗེས་སུ། 2016ལོའི་ཟླ3པའི་ཚེས25ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་གྲོས་ཚོགས་སྐབས་བཅོ་བརྒྱད་པར་འགོ་འཛིན་མཛད་དེ།《འབྲི་ཆུའི་དཔལ་འབྱོར་རྒྱུད་འཕེལ་རྒྱས་ཀྱི་འཆར་འགོད་རྩ་གནད》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་། ལོ་བཅུའི་རིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འབྲི་ཆུའི་དཔལ་འབྱོར་རྒྱུད་འཕེལ་རྒྱས་གཏོང་རྒྱུ་བརྗོད་བྱ་གཙོ་བོར་བྱས་པའི་བཞུགས་མོལ་ཚོགས་འདུ་ཐེངས་བཞིར་འགོ་འཛིན་མཛད་དེ་སྔ་ཕྱི་བར་གསུམ་དུ་རྒྱུན་འཁྱོངས་དང་། དུས་བསྟུན་མདུན་སྐྱོད་བྱས་ཏེ། འབྲི་ཆུའི་དཔལ་འབྱོར་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་སྐུལ་འདེད་གཏོང་རྒྱུར་རྩ་བའི་རང་བཞིན་གྱི་འགྱུར་ལྡོག་བྱུང་ནས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ།

རྒྱལ་སྲིད་སྤྱི་ཁྱབ་ཁང་འཕེལ་རྒྱས་ཞིབ་འཇུག་ལྟེ་གནས་ཀྱི་འཕེལ་རྒྱས་འཐབ་ཇུས་དང་ཁུལ་ཁོངས་དཔལ་འབྱོར་ཞིབ་འཇུག་པུའུ་ཡི་ཞིབ་འཇུག་པ་ཧོའུ་ཡུང་ཀྲི་ཡིས་བཤད་རྒྱུར།“སྲུང་སྐྱོང་ཆེན་པོ་མཉམ་འཛིན་དང་། གསར་སྤེལ་ཆེན་པོ་མི་བྱེད་པ། ” སྤྱི་ཁྱབ་ཧྲུའུ་ཅིས་ནན་བཤད་ཡང་ཡང་གནང་བའི་ཡིག་འབྲུ་འདི་དག་འཕེལ་རྒྱས་ཀྱི་ལྟ་བ་དང་། སྲིད་འབྲས་ལྟ་བ། སྐྱེ་ཁམས་ལྟ་བ་བཅས་ཀྱི་འཕོ་འགྱུར་གཏིང་ཟབ་དང་འབྲེལ་ཡོད་ལ། འབྲི་ཆུའི་དཔལ་འབྱོར་རྒྱུད་ཀྱི་འཕེལ་རྒྱས་ལ་སྣེ་ཁྲིད་བྱས་ཏེ“གསར་སྤེལ་ཆེན་པོ”ནས“སྲུང་སྐྱོང་ཆེན་པོ”དང་། གཞི་ཁྱོན་ཆེན་པོ་ནས་སྤུས་ཚད་མཐོ་རུ་གཏོང་བའི་བར། རང་འདོད་ལྟར་དམག་འཐབ་བྱེད་པ་ནས་མཉམ་དུ་སྐུལ་འདེད་གཏོང་བའི་བར་གྱི་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་མངོན་འགྱུར་བྱུང་སྟེ། འཛམ་གླིང་གི་གཙང་པོ་དང་ཆུ་བོ་ཆེན་པོ་འབབ་རྒྱུད་བཅོས་སྐྱོང་དང་འཕེལ་རྒྱས་གཏོང་བར་རིགས་པའི་གཞུང་ལུགས་ཀྱི་ནང་དོན་ཟབ་མོ་ལྡན་པ་དང་། ལག་ལེན་གྱི་རིན་ཐང་ཆེན་པོ་ལྡན་པའི་ཀྲུང་གོའི་བློ་གྲོས་དང་ཀྲུང་གོའི་ཇུས་གཞི་འདོན་སྤྲོད་བྱས་ཡོད།

སྲུང་སྐྱོང་ཆེན་པོ་མཉམ་འཛིན་བྱས། ལོ་བཅུའི་རིང་འབྲི་ཆུ་སྔར་ལས་སྔོ་ལྗང་དང་མཛེས་སྡུག་ལྡན་པར་གྱུར། འབྲི་ཆུའི་ཆུ་གཞུང་གི་ཆུའི་སྤུས་ཚད་བསྟུད་མར་ལོ6རིང་བརྟན་བརླིང་ངང་རིགསIIཔར་སླེབས། ཆུའི་སྤུས་ཚད་ལེགས་པའི་བཅད་ངོས་ཀྱི་བསྡུར་ཚད་དེ2015ལོའི67%ནས2025ལོའི96.5%བར་འཕར་ཏེ། བརྒྱ་ཆའི་གྲངས་གནས30ལ་ཉེ་བ་འཕར། འབྲི་ཆུའི་རྒྱུད་ཀྱི་ས་ཁུལ་རིམ་པ་དང་དེའི་ཡན་གྱི་གྲོང་ཁྱེར་གྱི་བཙོག་ཆུ་དྲི་ངན་ཅན་གཞི་རྩའི་ཆ་ནས་མེད་པར་བྱས་པ་དང་། བློ་བརྟན་འགྱུར་མེད་ཀྱིས་འབྲི་ཆུའི་རྒྱུད་དུ་ལོ་བཅུའི་རིང་ཉ་འཛིན་མི་ཆོག་པར་བྱས། ཆུའི་སྤུས་ཚད་རྒྱུན་མཐུད་ངང་ཇེ་ལེགས་སུ་སོང་བ་དང་བསྟུན་ནས། མཚོ་རྒྱུད་ཀྱི་སྐྱེ་ཁམས་ཀྱང་དུས་མཉམ་དུ་སྤུས་ཚད་མཐོ་རུ་གཏོང་བཞིན་ཡོད། རྫས་འགྱུར་བཟོ་ལས་ཁེ་ལས་ཁྲི་ལ་ཉེ་བ“སྒོ་བརྒྱབ་པ་དང་། དེག་ཐེར་བྱས་པ། གནས་སྤོ་བ། གཞན་སྒྱུར”བཅས་བྱས་ཏེ། “རྫས་འགྱུར་བཟོ་ལས་ཀྱི་གཙང་བོ་སྐོར་བའི”དཀའ་གནད་སེལ། ཁྲིམས་འགལ་གྲུ་ཁ1361ལ་དག་ཐེར་མཐའ་གཅིག་ཏུ་བྱས་པ་དང་། ཆུ་བོའི་འབབ་རྒྱུད་ཀྱི་བཙོག་འབུད་མདོ་ཁ་ཉིས་འབུམ་ལྷག་ལ་ཚད་ལྡན་བཅོས་སྐྱོང་བྱས།

དབྱི་ཁྲང་གྲོང་ཁྱེར་གྱི་གྲོང་མི་ཡེ་ལི་ཡིས་བཤད་རྒྱུར། ས་ཆ་འདི་ནི་མ་གཞི་གྲམ་ཐང་ཞིག་རེད། ད་ལྟ་འཁྲུག་ཆ་དོད་པའི་ས་ཆ་ཞིག་ཏུ་གྱུར་འདུག ཉིན་རེར་ལས་ཚོགས་གྲོལ་རྗེས་རླུང་རྒྱུ་བ་དང་། ཡུལ་ལྗོངས་ལ་ལྟ་རུ་ཡོང་སྟེ། ང་ཚོ་ལ་འཚོ་བ་ཤིན་ཏུ་བག་ཡངས་དང་། བདེ་སྐྱིད་ལྡན་པའི་སྣང་བ་ཞིག་སྟེར་ཟེར།

གསར་སྤེལ་ཆེན་པོ་མི་བྱེད་དོན། འཕེལ་རྒྱས་མི་དགོས་པ་མིན། སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་གཏོང་བའི་ལམ་བུ་གསར་པར་བསྐྱོད་ཆེད་ཡིན། ལོ་བཅུའི་རིང་། འབྲི་ཆུའི་དཔལ་འབྱོར་ས་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དམིགས་ནས། འཕེལ་རྒྱས་ཀྱི་དགེ་མཚན་གསར་པ་གང་མགྱོགས་སྒོས་བཏོད་དེ། དཔལ་འབྱོར་གྱི་གསོན་ཤུགས་སྔར་བས་ཆེ་རུ་ཕྱིན། འབྲི་ཆུའི་འབབ་རྒྱུད་ཀྱི་ཞིང་ཆེན་དང་གྲོང་ཁྱེར་གྱིས་ཚན་རྩལ་གསར་གཏོད་ལྟེ་གནས3དང་། རྒྱལ་ཁབ་ཀྱི་ཚོད་ལྟ་ཁང8སོགས་གསར་གཏོད་ལས་སྟེགས་བཀོད་སྒྲིག་བྱས་ཏེ།  མིས་བཟོས་རིག་ནུས་དང་། ཚད་རྡུལ་ཆ་འཕྲིན། འདུས་གྲུབ་གློག་ལམ། ཚེ་སྲོག་ཚན་རིག་སོགས་ཀྱི་ཁྱབ་ཁོངས་སུ་འགག་རྩའི་སྲོག་ཤིང་ལག་རྩལ་ཁག་ཅིག་ཐོད་བརྒལ་བྱུང་སྟེ། བསྡོམས་པས་རྒྱལ་ཁབ་རིམ་པའི་སྔོན་ཐོན་བཟོ་སྐྲུན་ལས་རིགས་ཚོགས་པ41དང་། འཐབ་ཇུས་ཀྱི་རང་བཞིན་གྱི་གསར་དར་ཐོན་ལས་ཚོགས་པ30གསོ་སྐྱོང་བྱས་ཤིང་། སོ་སོས་རྒྱལ་ཡོངས་ཀྱི་བརྒྱ་ཆའི51དང་བརྒྱ་ཆའི45ཟིན་ཡོད། དེ་དང་ཆབས་ཅིག ཐོན་ལས་ལྗང་མདོག་ཚུལ་སྒྱུར་ཐད་ཐོད་བརྒལ་གསར་པ་བྱུང་བ་དང་།  འབྲི་ཆུའི་དཔལ་འབྱོར་རྒྱུད་ཀྱིས་ནུས་ཁུངས་ཟད་གྲོན་དང་ཐཱན་ཕྱིར་འདོན་གྱི་རྒྱལ་ཡོངས་ཀྱི་གསུམ་ཆའི་གཅིག་ཙམ་ཟིན་པ་དང་། རྒྱལ་དམངས་ཐོན་སྐྱེད་སྤྱི་འབོར་ལ་ཕྱེད་ཀ་ཡས་མས་ཀྱི་བྱས་རྗེས་བཞག

“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”རྩ་གནད་ནང“འབྲི་ཆུའི་དཔལ་འབྱོར་ས་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མུ་མཐུད་དུ་སྐུལ་འདེད་གཏོང་དགོས”པ་དང“འབྲི་ཆུའི་ཆུ་ལམ་ཤར་གཏོང་ལ་ཁག་ཐེག་བྱེད་དགོས་པ་གསལ་བོར་བཏོན་ཞིང་། འགྲམ་རྒྱུད་ཐོན་ཁུངས་ཀྱི་ཆུ་ཚད་མཐོ་བའི་སྲུང་སྐྱོབ་དང་ལུགས་མཐུན་ནུས་མཐོའི་བེད་སྤྱོད་ལ་ཤུགས་སྣོན་པ་དང་། འབྲི་ཆུའི་འགྲམ་རྒྱུད་ཀྱི་ཐོན་ལས་ལྗང་མདོག་ཚུལ་སྒྱུར་རིམ་སྤར་ལ་སྐུལ་འདེད་བཏང་ནས།  སྟོད་སྨད་བར་གསུམ་མཐུན་སྦྱོར་མཉམ་འགུལ་གྱི་འཕེལ་རྒྱས་ལ་སྐུལ་སྤེལ་བྱས་ཏེ། འབྲི་ཆུའི་འབབ་རྒྱུད་ཀྱི་ཞིང་ཆེན་དང་གྲོང་ཁྱེར་གྱི་བྱེད་ཐབས་རེ་རེ་བཞིན་ཁྱབ་གདལ་དུ་གཏོང་དགོས་ཞེས་བསྟན་ཡོད།

ཀྲེ་ཅང་ལི་ཧྲོས་དང་ཅང་ཤིས་ཧྥུའུ་ཀྲོའུ་སོགས་ཚོད་ལྟའི་ས་ཁུལ14ཡིས་སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་མངོན་འགྱུར་ལམ་སྲོལ་རྒྱུན་ཆད་མེད་པར་འཚོལ་ཞིབ་བྱེད་བཞིན་ཡོད།

སི་ཁྲོན་དང་ཁྲུང་ཆིན་གྱིས་ལག་གདང་སྦྲེལ་ནས་ཆུ་དཔོན་ལམ་ལུགས་ཀྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་ཏེ། ཞིང་ཆེན་དང་གྲོང་ཁྱེར་རིམ་པ། ཁུལ་དང་རྫོང་རིམ་པའི་ས་མཚམས་བརྒལ་བའི་བདེ་སྐྱིད་ཆུ་བོ་དང་མཚེའུ་འཛུགས་སྐྲུན་ལ་རིམ་པ་བཞིན་དུ་སྐུལ་འདེད་གཏོང་རྒྱུ་རེད།

འབྲི་ཆུའི་དཔལ་འབྱོར་རྒྱུད་དུ། རྒྱལ་ཁབ་ཀྱི་ཐཱན་ཚད་ལྡན་ཚོད་ལྟའི་གྲོང་ཁྱེར་དང་གླིང་ཁུལ24དང་། ཐཱན་ཉུང་གླིང་ཁུལ14བཅས་གང་མགྱོགས་སྒོས་བསྐྲུན་བཞིན་ཡོད།

ཧྲང་ཧའེ(འབྲི་ཆུའི་ཟུར་གསུམ་གླིང)རྒྱལ་སྤྱིའི་ཚན་རྩལ་གསར་གཏོད་ལྟེ་གནས་དང་། ཝུའུ་ཧན། ཁྲེང་ཏུའུ་དང་ཁྲུང་ཆིན་ས་ཁུལ་གྱི་ས་ཁོངས་ཚན་རྩལ་གསར་གཏོད་ལྟེ་གནས་འཛུགས་སྐྲུན་ལ་རྒྱུན་མཐུད་ངང་སྐུལ་འདེད་བཏང་།

རྒྱལ་ཁབ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་སི་ཡི་སི་ཀྲང་གཞོན་པ་མཱ་ཝུའེ་ཁྲེན་གྱིས་བཤད་རྒྱུར། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱས་ནས།《འབྲི་ཆུའི་དཔལ་འབྱོར་ས་ཁུལ་འཕེལ་རྒྱས་གཏོང་བའི“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”ལག་བསྟར་ཇུས་གཞི》སྒྲིག་བཟོ་དང་ལག་བསྟར་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་མུ་མཐུད་དུ་སྲ་བརྟན་དང་མཐོར་འདེགས་སུ་གཏོང་བ་དང་། ཐོན་ལས་ལྗང་མདོག་ཐཱན་ཉུང་ཚུལ་སྒྱུར་ལ་སྐུལ་འདེད་གཏོང་བ། འབྲི་ཆུའི་འབབ་རྒྱུད་ཀྱི་ཕྱོགས་བསྡུས་ལངས་གཟུགས་འགྲིམ་འགྲུལ་བར་ཁྱམས་འཛུགས་སྐྲུན་བྱེད་ཤུགས་ཇེ་མགྱོགས་སུ་གཏོང་བ་དང་། འབྲི་ཆུའི་སྟོད་སྨད་བར་གསུམ་མཐུན་སྦྱོར་མཉམ་འགུལ་ཡོང་བར་སྐུལ་འདེད་བཏང་སྟེ། འབྲི་ཆུའི་དཔལ་འབྱོར་རྒྱུད་སྤུས་ཚད་མཐོ་བའི་འཕེལ་རྒྱས་སྐས་རིམ་གསར་པར་སླེབས་པར་རྒྱུན་ཆད་མེད་པར་སྐུལ་འདེད་གཏང་རྒྱུ་ཡིན།

འགོ་རྩོམ་ས་གསར་པར་ལངས་ཏེ། འབྲི་ཆུའི་དཔལ་འབྱོར་རྒྱུད་འཕེལ་རྒྱས་ཀྱི་འཐབ་ལམ་གསར་པའི་བརྗིད་ཆེའི་འཆར་འགོད་བཀོད་ཟིན་པ་དང་། སྐྱེ་ཁམས་སྔར་ལས་མཛེས་སྡུག་ལྡན་པ་དང་། འགྲིམ་འགྲུལ་སྔར་ལས་བདེ་བ། དཔལ་འབྱོར་སྔར་ལས་མཐུན་སྦྱོར། ཁྲོམ་ར་སྔར་ལས་གཅིག་གྱུར། ལམ་སྲོལ་སྔར་ལས་ཚན་རིག་དང་མཐུན་པ་བཅས་ཀྱི་དཔལ་འབྱོར་ས་ཁུལ་ཞིག་མགྱོགས་མྱུར་སྒོས་གྲུབ་བཞིན་པ་དང་། དེས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་འདེགས་སྐྱོར་བརྟན་པོ་མཁོ་འདོན་དང་སྒུལ་ནུས་དྲག་པོ་སྩོལ་ངེས།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།