ཟླ3པའི་ཚེས27ཉིན། རྩིས་གློག་མཐུན་སྦྱོར་གྱི་གོ་སྐབས་གསར་བ་དམ་འཛིན་གྱིས་ནུབ་རྩིས་ཤར་སྤྱོད་ཀྱི་དམིགས་ཚད་གསར་བ་བསྐྲུན་ཞེས་པ་བརྗོད་གཞིར་བྱས་པའི་མཚོ་སྔོན་གྱི་ལྗང་མདོག་རྩིས་ནུས་ཐོན་ལས་འཕེལ་རྒྱས་ཀྱི་འོས་སྦྱོར་ཚོགས་འདུ་སྐབས་གསུམ་པ་པེ་ཅིང་དུ་འཚོགས།
ཟླ3པའི་ཚེས27ཉིན། རྩིས་གློག་མཐུན་སྦྱོར་གྱི་གོ་སྐབས་གསར་བ་དམ་འཛིན་གྱིས་ནུབ་རྩིས་ཤར་སྤྱོད་ཀྱི་དམིགས་ཚད་གསར་བ་བསྐྲུན་ཞེས་པ་བརྗོད་གཞིར་བྱས་པའི་མཚོ་སྔོན་གྱི་ལྗང་མདོག་རྩིས་ནུས་ཐོན་ལས་འཕེལ་རྒྱས་ཀྱི་འོས་སྦྱོར་ཚོགས་འདུ་སྐབས་གསུམ་པ་པེ་ཅིང་དུ་འཚོགས། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཀྲུའུ་ཞི་གཞོན་པ། རྒྱལ་ཁབ་གློག་རྡུལ་སྲིད་དོན་ཆེད་མཁས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཆིན་མིན་ཚོགས་འདུར་ཞུགས་པར་མ་ཟད་ཤིས་ཚིག་ཕུལ།
ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝུའུ་ཞའོ་ཅུན་དང་། རྒྱལ་ཁབ་གཞི་གྲངས་ཅུས་ཀྱི་ཏང་ཙུའུ་ཁོངས་མི། ཅུས་ཀྲང་གཞོན་པ་ཞ་པིན་གྱིས་ཤིས་ཚིག་ཕུལ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལུའོ་ཏུང་ཁྲོན་གྱིས་འགོ་རྩོམ་ཚོགས་འདུར་འགོ་འཛིན་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ཨུ། རྒྱུན་ལས་ཧྲིན་ཀྲང་གཞོན་པ་ཀྲང་ཅིན་ཀང་གིས་བརྗོད་དོན་འོས་སྦྱོར་བྱས་པ་དང་། ཧྲིན་ཀྲང་གཞོན་པ་ལིའུ་ཁྲའོ་ཡིས་འོས་སྦྱོར་ཚོགས་འདུ་དང་བརྗོད་དོན་གཏམ་བཤད་ལ་འགོ་འཛིན་བྱས།
ཝང་ཆིན་མིན་གྱིས་བཤད་རྒྱུར། མིག་སྔར། འཛམ་གླིང་གི་སྐོར་ཐེངས་གསར་བའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་མགྱོགས་མྱུར་ངང་འཕེལ་རྒྱས་འགྲོ་བཞིན་ཡོད་པས། མཚོ་སྔོན་གྱིས་ལྗང་མདོག་རྩིས་ནུས་ཐོན་ལས་འཕེལ་རྒྱས་ཇེ་རྒྱས་ཇེ་ལེགས་སུ་གཏོང་བ་དང་། རྒྱལ་ཁབ་ཀྱི་རྩིས་ནུས་དྲ་རྒྱའི་མ་ལག་ཁྲོད་གཏིང་ཟབ་ངང་འདྲེས་པ། རྒྱལ་ཁབ་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ལ་སྔར་ལས་ཞབས་འདེགས་ཞུ་བ་བཅས་ལ་སྔར་མེད་པའི་འཐབ་ཇུས་ཀྱི་གོ་སྐབས་དང་སྲིད་ཇུས་ཀྱི་གོ་སྐབས། འཕེལ་རྒྱས་ཀྱི་གོ་སྐབས་འདོན་སྤྲོད་བྱས་ཡོད། མཚོ་སྔོན་གྱིས་རྩིས་གློག་མཐུན་སྦྱོར་གྱི་སྟོབས་ཤུགས་གཅིག་སྡུད་དང་། ལྗང་མདོག་རྩིས་ནུས་ཀྱི་དམིགས་ཚད་གསར་བར་སྣེ་ཁྲིད་དེ། ལྗང་གློག་གི་དགེ་མཚན་དེ་རྩིས་ནུས་ཀྱི་དགེ་མཚན་དང་ཐོན་ལས་ཀྱི་དགེ་མཚན་དུ་བསྒྱུར་ནས། རྒྱལ་ཡོངས་རིག་རྩིས་ལྗང་མདོག་འཕེལ་རྒྱས་ཐད་མཚོ་སྔོན་གྱི་ཇུས་གཞི་འདོན་པ་དང་། ཁྱད་ལྡན་དགེ་མཚན་སྔོག་འདོན་ཟབ་མོ་བྱེད་པ་དང་། མཐོ་སྒང་གི་སྤུས་གསར་ཐོན་སྐྱེད་ནུས་ཤུགས་བསྐྲུན་པ། རིག་ནུས་ལག་རྩལ་དང་སྐྱེ་ཁམས་ཁོར་སྲུང་། ཚྭ་མཚོའི་རྫས་འགྱུར་བཟོ་ལས། དག་གཙང་ནུས་ཁུངས། རིག་གནས་ཡུལ་སྐོར་དང་ཞིང་ཕྱུགས་ལས་བཅས་མཉམ་འདྲེས་ཟབ་མོ་བྱེད་པར་སྐུལ་འདེད་བཏང་སྟེ། གསར་གཏོད་ཀྱིས་ཐོན་ལས་རྩེ་རིམ་ཅན་དང་རིག་ནུས་ཅན། ལྗང་མདོག་ཅན་བཅས་སུ་འཕེལ་བར་སྒུལ་ཤུགས་འདོན་པ། སྐྱེ་ཁམས་རང་མདངས་བརྟན་སྲུང་བྱེད་པ་དང་། སྐྱེ་ཁམས་བཅོས་སྐྱོང་དེང་རབས་ཅན་གྱི་དཔེ་མཚོན་བསྐྲུན་པ། སྐྱེ་ཁམས་རིན་ཐང་ཚུལ་སྒྱུར་དང་སྐྱེ་ཁམས་དམངས་ཕན་ནུས་འཕར། སྐྱེ་ཁམས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་བཅས་ཀྱི་མཐུན་སྦྱོར་མཉམ་སྐྱེད་ལ་སྐུལ་འདེད་བཏང་ནས། རྒྱལ་ཡོངས་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཐད་མུ་མཐུད་དུ་དཔྱད་གཞིར་འཛིན་ཆོག་ལ་ཁྱབ་གདལ་བཏང་ཆོག་པའི་མཚོ་སྔོན་གྱི་མ་དཔེ་འདོན་སྤྲོད་བྱེད་པའི་རེ་བ་བཅངས་ཡོད།
ཝུའུ་ཞའོ་ཅུན་གྱིས་བཤད་རྒྱུར། མཚོ་སྔོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཡུལ་བབ་དང་བསྟུན་ནས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བའི་བླང་བྱ་གལ་ཆེན་ཡིད་ལ་དམ་པོར་བཟུང་ནས། སྟོབས་ཤུགས་གཅིག་བསྡུས་ཀྱིས་རྒྱལ་ཁབ་དག་གཙང་ནུས་ཁུངས་ཐོན་ལས་ཀྱི་མཐོ་ས་བསྐྲུན་པ་དང་། ལྗང་མདོག་རྩིས་གློག་མཐུན་སྦྱོར་འཕེལ་རྒྱས་དེ་རྒྱལ་ཡོངས་ཀྱི་སྔོན་ལ་ཚོད་ལྟ་དང་ལག་བསྟར་བྱེད་པར་སྐུལ་འདེད་བཏང་། ལོ་ངོ་གཅིག་གི་རིང་ལ། དག་གཙང་ནུས་ཁུངས་མགྱོགས་མྱུར་ངང་འཕེལ་རྒྱས་ཕྱིན་པ་དང་། ལྗང་མདོག་རྩིས་གློག་གི་མྱུར་ཚད་ཇེ་མགྱོགས་སུ་སོང་བར་མ་ཟད། ཐོན་ལས་འཕེལ་རྒྱས་ཀྱིས་འགྲན་ལམ་གསར་བ་བཏོད་དེ། ལྗང་མདོག་དང་གསར་བ། མ་འོངས་པ་བཅས་ཀྱི་ཕྱོགས་སུ་བསྐྱོད་པའི་རྣམ་པ་གསར་བ་བསྐྲུན་ཡོད། མིག་སྔར། རྩིས་ནུས་སྡེ་ཚན་བེད་སྤྱོད་ཚད་ཀྱི་སྟོན་གྲངས་རིམ་པ་འཕར་སྣོན་བྱུང་བ་དང་། སྔར་མེད་པའི་རྩིས་ནུས་ཀྱི་བླང་བྱ་གསར་བ་བསྐྱེད་དེ། ལྗང་མདོག་རྩིས་གློག་མཐུན་སྦྱོར་འཕེལ་རྒྱས་ཐད་འཐབ་ཇུས་ཀྱི་གོ་སྐབས་གལ་ཆེན་འདོན་སྤྲོད་བྱས། འགོ་རྩོམ་ས་གསར་བར། མཚོ་སྔོན་གྱིས་རྒྱལ་ཁབ་ལ་ཅི་མཁོ་དང་མཚོ་སྔོན་གྱིས་ཅི་ནུས་རྒྱུན་འཁྱོངས་བྱས་ཏེ། རྣམ་པ་གསར་བའི་ནུས་ཁུངས་མ་ལག་མགྱོགས་མྱུར་ངང་བསྐྲུན་པ་དང་། ཚད་གཞི་མཐོན་པོས་རྒྱལ་ཁབ་ཀྱི་ལྗང་མདོག་རྩིས་གློག་མཐུན་སྦྱོར་འཕེལ་རྒྱས་ཀྱི་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱས་ནས། ལྗང་མདོག་རྩིས་གློག་མཐུན་སྦྱོར་འཕེལ་རྒྱས་དེ་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བའི་ལྟེ་བའི་སྒུལ་ཤུགས་དང་། ནུས་ཁུངས་ཀྱི་སྟོབས་ལྡན་རྒྱལ་ཁབ་དང་གཞི་གྲངས་ཀྲུང་གོའི་འཛུགས་སྐྲུན་ལ་ཞབས་འདེགས་ཞུ་བའི་འདེགས་སྐྱོར་བརྟན་པོ་བསྐྲུན་པ་དང་། ལྗང་མདོག་རྩིས་ནུས་ཀྱིས་མ་འོངས་པ་བཏོད་པའི་དུས་རབས་ཀྱི་རྒྱུགས་ལན་འབད་པས་འབྲི་རྒྱུ་ཡིན།
ལུའོ་ཏུང་ཁྲོན་གྱིས་བཤད་རྒྱུར། ལྗང་མདོག་རྩིས་ནུས་འཕེལ་རྒྱས་གཏོང་བ་ནི་མཚོ་སྔོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དངོས་འབེབས་བྱེད་པའི་བྱེ་བྲག་གི་ལག་ལེན་ཡིན་ལ། ཡུལ་བབ་དང་བསྟུན་ནས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་བསྐྱེད་པའི་ཐབས་ལམ་གལ་ཆེན་ཞིག་ཀྱང་ཡིན། ལོ་ལྔའི་འཆར་འགོད་བཅོ་ལྔ་པར་ཁ་ཕྱོགས་ནས། ང་ཚོ་བློ་བརྟན་འགྱུར་མེད་ངང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་སྟོན་གནང་བའི་ཁ་ཕྱོགས་སུ་དཔའ་སྐྱེད་མདུན་སྐྱོད་བྱེད་པ་དང་། ཏང་ཀྲུང་དབྱང་གི་རྩིས་གློག་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་གཏིང་ཟབ་བྱེད་པ། བབ་བསྟུན་མདུན་སྐྱོད་དང་སེམས་ཤུགས་གཅིག་སྡུད་བྱེད་པ། ལྗང་མདོག་རྩིས་ནུས་འཕེལ་རིམ་གསར་བར་སླེབས་པར་སྐུལ་འདེད་གཏོང་བ། ནུབ་རྩིས་ཤར་སྤྱོད་ཀྱི་དམིགས་ཚད་གསར་བ་བསྐྲུན་པ་དང་། རིག་ནུས་དཔལ་འབྱོར་གྱི་རྣམ་པ་གསར་བ་སྐྱེད་སྲིང་བཅས་བྱས་ཏེ། ནུས་ཁུངས་ཀྱི་སྟོབས་ལྡན་རྒྱལ་ཁབ་དང་གཞི་གྲངས་ཀྲུང་གོའི་འཛུགས་སྐྲུན་ཐད་མུ་མཐུད་དུ་མཚོ་སྔོན་གྱི་བྱས་རྗེས་འཇོག་རྒྱུ་ཡིན།
ཞ་པིན་གྱིས་བཤད་རྒྱུར། མཚོ་སྔོན་གྱིས་བསྟུད་མར་ལོ་གསུམ་ལ་འོས་སྦྱོར་ཚོགས་འདུ་བསྡུས་ཏེ། ཞིང་ཆེན་ཡོངས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་ལྗང་མདོག་རྩིས་ནུས་ཐོན་ལས་ཡར་རྒྱས་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་བཏང་བ་དང་། དེ་ལས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་མིག་རྒྱང་རིང་པོ་དང་ཡུན་རིང་བྱས་རྗེས་འཇོག་པའི་འཐབ་ཇུས་ཀྱི་ཆོད་སེམས་མངོན་ཡོད། འགོ་རྩོམ་ས་གསར་བར། རྒྱལ་ཁབ་གཞི་གྲངས་ཅུས་ཀྱིས་ཕྱོགས་སོ་སོ་དང་མཉམ་དུ་མཐུན་སྦྱོར་སྒྲིག་བཀོད་དང་། ཚན་རྩལ་ཁྲིད་སྟོན། ཁྲོམ་རའི་སྒུལ་ཤུགས་བཅས་རྒྱུན་འཁྱོངས་དང་། ཕྱོགས་ཡོངས་ནས་གཞི་གྲངས་ཀྲུང་གོའི་རྨང་གཞི་སྲ་བརྟན་དུ་གཏོང་བ། ཐོན་ལས་ཀྱི་ལྟེ་བའི་ལག་རྩལ་གྱི་འགག་གནད་ལས་མགྱོགས་མྱུར་ངང་ཐོད་བརྒལ་བྱེད་པ་དང་། རྩིས་གློག་མཐུན་སྦྱོར་གྱི་བསྐྱར་སྐྱེ་རིན་ཐང་བསྟུད་མར་མཐོ་རུ་བཏང་སྟེ། རྩིས་གློག་མཐུན་སྦྱོར་ཟབ་སྤེལ་ལ་སྐུལ་འདེད་གཏོང་བ་དང་། གཞི་གྲངས་ཀྲུང་གོའི་རླབས་ཆེན་འཆར་འགོད་མཉམ་དུ་འབྲི་རྒྱུ་ཡིན།
ཀྲང་ཅིན་ཀང་གིས་བཤད་རྒྱུར། མཚོ་སྔོན་ནི་རྩིས་ནུས་བེད་སྤྱོད་ཀྱི་མ་རྩའི་འབྱུང་ཁུངས་ཡིན་པས། ང་ཚོས་ནུས་ཁུངས་ཚང་མ་བེད་སྤྱོད་བྱས་ཏེ། གྲུབ་འབྲས་ངེས་ཅན་ལེན་དགོས། དེ་ནི་རྩིས་ནུས་སྐྱེལ་འདྲེན་གྱི་ནུབ་རྒྱུད་མཐོ་ས་ཡིན་པས། ང་ཚོས་ལྗང་མདོག་རྩིས་ནུས་ཤར་རྒྱུད་དུ་སྐྱེལ་ནས། ཁྱོན་ཡོངས་ལ་ཞབས་འདེགས་ཞུ་དགོས། དེ་ནི་རྩིས་ནུས་སྐྱེ་ཁམས་ཀྱི་གསར་གཏོད་གཤིན་ས་ཡིན་པས། ང་ཚོས་བེད་སྤྱོད་བྱེད་ཡུལ་ཚང་མ་མཉམ་རྒྱལ་ཡོང་བར་བྱས་ནས། མ་འོངས་པ་གསར་སྐྲུན་བྱེད་དགོས། རྒྱ་ཆེའི་ཁེ་ལས་ཀྱིས་གོ་སྐབས་དམ་འཛིན་བྱས་ཏེ་མཚོ་སྔོན་དུ་ཡོང་ནས་དངུལ་གཏོང་ལས་སྤེལ་བྱེད་པ་དང་། མི་ཐབས་རིག་ནུས་དུས་རབས་ཀྱི་རླབས་རྒྱུན་དང་འགྲོགས་ཤིང་། ལག་རྡང་སྦྲེལ་ནས་ལྗང་མདོག་རྩིས་ནུས་ཐོན་ལས་ཀྱི་བར་བརྒལ་རྣམ་པའི་འཕེལ་རྒྱས་ཀྱི་ལེའུ་གསར་བ་འབྲི་བར་ལྷག་བསམ་རྣམ་དག་གིས་གདན་ཞུ་བྱས་པ་ཡིན།
ཀྲུང་གོའི་ལེན་ཐུང་སྡེ་ཚོགས་ཀྱི་རྐང་གཉེར་དབུ་གཙོ་ཏུང་ཞིན་དང་། ཀྲུང་གོ་བཟོ་སྐྲུན་གླིང་གི་ཡོན་ཧྲི་ཀྲིན་ཝེ་མིན། ཀྲུང་ཁི་ཧྲུའུ་ཀོང་གི་ཙུང་ཚའེ་ལི་ཅུན། ཀྲུང་གོ་གནམ་གཤིས་ཅུས་ཀྱི་སྤྱིའི་བཟོ་སྐྲུན་པ་ཕན་ཅིན་ཅུན། ཁི་ཧྲིན་ལག་རྩལ་གྱི་རྐང་གཉེར་དབུ་གཙོ་ཅིན་ཅན་ཞང་བཅས་ཀྱིས་བརྗོད་དོན་གཏམ་བཤད་སྤེལ།
འོས་སྦྱོར་ཚོགས་འདུའི་སྟེང་། ཀྲུང་གོའི་ཆ་འཕྲིན་འཕྲིན་གཏོང་ཞིབ་འཇུག་ཁང་གིས2026ལོའི《མཚོ་སྔོན་ཞིང་ཆེན་གྱི་ལྗང་མདོག་རྩིས་ནུས་མཐུན་སྦྱོར་འཕེལ་རྒྱས་ཀྱི་སྙན་ཞུའི》རྒྱབ་ཤ་སྔོན་པོའི་དཔེ་ཆ་འགྲེམ་སྤེལ་བྱས་པ་དང་། ཁེ་ལས་བཅུ་ལ་མཚོ་སྔོན་གྱི་ལྗང་མདོག་རྩིས་ནུས་བེད་སྤྱོད་དཔང་ཡིག་སྤྲད། ཞིང་ཆེན་གཞི་གྲངས་ཅུས་དང་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ཞིང་ཆེན་དང་གྲོང་ཁྱེར་གྱི་རྩིས་ནུས་ཐོན་ལས་ཀྱི་གཙོ་གཉེར་སྡེ་ཁག་གིས་འཐབ་ཇུས་མཉམ་ལས་སྒྲོམ་གཞིའི་གྲོས་ཆོད་ལ་མིང་རྟགས་བཀོད། གཙོ་གནད་མཉམ་ལས་ལས་གཞི་དགུ་ལ་མཉམ་དུ་གྲོས་ཆོད་བཀོད།
རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་ཨུ་དང་། སྤུན་ཟླའི་ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར། འབྲེལ་ཡོད་ཀྲུང་དབྱང་ཁེ་ལས་ཀྱི་འགོ་ཁྲིད་པ། ཡོན་ཧྲི་དང་ཆེད་ལས་མཁས་པ། ལས་རིགས་ཀྱི་སྣེ་ཁྲིད་ཁེ་ལས་ཀྱི་འགན་འཁུར་མི་སྣ་བཅས་ཚོགས་འདུར་ཞུགས།
ཚོགས་འདུའི་སྔོན་ལ། ཝུའུ་ཞའོ་ཅུན་དང་ལུའོ་ཏུང་ཁྲོན་གྱིས་སྐུ་མགྲོན་དང་བཞུགས་མོལ་བྱས་པར་མ་ཟད། འོས་སྦྱོར་འགྲེམ་སྟོན་ལ་མཉམ་དུ་ལྟ་སྐོར་བྱས།