གསའ་གྲོང་དུ་འཁོར་ན། ང་ཚོས་ཁྱིམ་མཚེས་འདི་ལྟ་བུ་ལ་འབྲེལ་བ་ཇི་ལྟར་འཛིན་དགོས།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། ཁོན་ཐར་འཚོས་བསྒྱུར།

རྗེས་འདེད་སྐེ་རྒྱན་བཏགས་ནས་ཕྱིར་རང་བྱུང་ཁམས་སུ་བཏང་བའི་གསའ།  

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། གཅན་གཟན་གསའ་ཞིག་ཟི་ལིང་གི་བྱང་རིའི་འདབས་ཀྱི་མཛོད་ཁང་དུ་འཛུལ་ཞིང་། ཉིན6གི་རྗེས་སུ་མདོ་ལ་རི་བོར་བཏངས། གསའ“གྲོང་ཁྱེར་དུ་འཁོར་པའི་ཟིན་ཐོ”དེས་མི་མང་པོ་ཞིག་གི་དོ་སྣང་དང་དོགས་གཟབ་ཀྱི་མིག་ཟུང་མང་པོ་ཕྱོགས་སུ་བཀུགས་པར་མ་ཟད།  རྣམ་པ་གསར་པ་ཞིག་ཀྱང་མངོན་ཡོད། དེ་ནི་འཛམ་གླིང་གི་སྐྱེ་ཁམས་ཁོར་ཡུག་གི་འགྱུར་ལྡོག་དང་མིའི་རིགས་ཀྱི་འགུལ་སྐྱོད་ཁྱབ་ཁོངས་རྒྱ་བསྐྱེད་པ་ལ་བསྟུན་ནས་མི་དང་རི་སྐྱེས་སྲོག་ཆགས་ཁ་ཐུག་ངོ་ཐུག་རྒྱག་པའི་སྣང་ཚུལ་འདི་ལྟ་བུ་འབྱུང་བ་ནི་གློ་བུར་རམ་བསམ་ཡུལ་འདས་པའི་དོན་དག་ཅིག་མ་ཡིན་པ་དེ་རེད།  འོ་ན་མ་ཁྲིད་རང་ཤུགས་ཀྱིས་གྲོང་དུ་འཁོར་བའི་རི་སྐྱེས་སྲོག་ཆགས་ལ་ཇི་ལྟར་འབྲེལ་བ་བྱེད་དགོས་ཞེ་ན། དེ་ནི་ཧ་ཅང་རྒྱང་ཐག་རིང་བོའི་གླེང་གཞི་ཞིག་མ་ཡིན་པར་ངེས་པར་དུ་ཁ་གཏད་དགོས་པའི་དངོས་ཡོད་ཀྱི་གནད་དོན་ཞིག་ཏུ་གྱུར་ཡོད།

“གངས་རིའི་རྒྱལ་པོ”གྲོང་ལ་འཁོར། གྲོང་གི་མཛོད་ལས་གསའ་ཞིག་མངོན།
  ཟླ2པའི་ཚེས24ཉིན་གྱི་ཞོགས་པར། མཚོ་སྔོན་ཟི་ལིང་གྲོང་ཁྱེར་གྱི་བྱང་རིའི་འདབས་ཀྱི་གྱི་ཐང་ཆུ་ཁྲོམ་རའི་ལས་དོན་པས་མཛོད་ཁང་དུ་གཟའ་ཞིག་མཐོང་། ས་གནས་དེ་གའི་འབྲེལ་ཡོད་སྡེ་ཁག་འཕྲད་མར་ཡུལ་དངོས་སུ་བསྐྱོད་དེ། གསའ་ལ་སྦྲིད་སྨན་བརྒྱབ་པ་དང་སྦྲགས་མཚོ་སྔོན་ཞིང་ཆེན་རི་སྐྱེས་སྲོག་ཆགས་མྱུར་སྐྱོབ་སྐྱེ་འཕེལ་ལྟེ་གནས་སུ་བསྐྱལ་ནས་དེ་གར་སྨན་བཅོས་བྱས། མྱུར་སྐྱོབ་ལྟེ་གནས་ཀྱིས་མིང་འདོགས་པའི་སྲོལ་ལྟར་དུ་མིང་ལ“ལིན་ཡུས”(凌雨)མིང་བཏགས། 

ཉིན་དྲུག་རིང་གི་ཞིབ་བཤེར་དང་བདག་སྐྱོང་ལེགས་པོ་བརྒྱུད། མྱུར་སྐྱོབ་ལྟེ་གནས་ཀྱིས་གསའ“ལིན་ཡུས”ཕྱིར་རང་བྱུང་ཁམས་སུ་གཏང་ཆོག་པའི་ཆ་རྐྱེན་ལྡན་པ་གཏན་འཁེལ་བྱས། 《མཚོ་སྔོན་ཞིང་ཆེན་སྐམ་སར་འཚོ་བའི་རི་སྐྱེས་སྲོག་ཆགས་གཉོར་སྐྱོང་མྱུར་སྐྱོབ་དོ་དམ་བྱེད་ཐབས》ཀྱི་གཏན་འབེབས་ལྟར་དུ། མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུས་ཀྱིས་སྣེ་ཁྲིད་འོག མཚོ་སྔོན་རི་སྐྱེས་སྲོག་ཆགས་མྱུར་སྐྱོབ་སྐྱེ་འཕེལ་ལྟེ་གནས་ཀྱིས་གསའ“ལིན་ཡུས”ཕྱིར་མདོ་ལ་རི་བོའི་རྒྱུད་དུ་བཏངས། 

དེ་ནི2024ལོའི་ཟླ9པར་ཟི་ལིང་གྲོང་ཁྱེར་གྱིས་གཅན་གཟན་གསའ་དེ་གྲོང་ཁྱེར་གྱི་སྐྱེ་ཁམས་རིག་གནས་ཀྱི་མཚོན་རྟགས་སུ་གཏན་འཁེལ་བྱས་ཏེ། གྲོང་ཁྱེར་ཡོངས་ནས“གསའ་གྲོང་ཁྱེར”གྱིIPགཟུགས་བརྙན་བཏོད་རྗེས་སུ་གསའ་གྲོང་ཁུལ་དུ་མངོན་པ་ཐོག་མ་ཡིན་ལ། ཉེ་བའི་ལོ་རིང་ཟི་ལིང་གི་རི་སྐྱེས་སྲོག་ཆགས་ར་བ་ཕུད་པའི་གྲོང་ཁུལ་དུ་མཐོང་བའི་གསའ་ཐོག་མ་ཡིན།

ཟི་ལིང་སྐྱེ་དངོས་ར་བའི་ཚན་རིག་ཁྱབ་གདལ་སློབ་གསོ་དང་ཕྱི་ཕྱོགས་འབྲེལ་འདྲིས་པུའུ་ཡི་འགན་འཁུར་བ་ཆི་ཞིན་ཀྲང་གིས་འདི་སྐད། 2025ལོར་རྟ་ཐང་བྱང་ཐང་ཆུ་མགོ་ཁུལ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་དུ་གསའ57མངོན་པས། ཁོ་བོས་བསམ་ན། ཉེ་འཁོར་ས་ཁམས་ཁོར་ཡུག་གི་དབྱེ་ཞིབ་བྱས་པར་གཞིགས་ན། གསའ་དེ་ནི་ཕལ་ཆེར་ཟི་ལིང་གྲོང་ཁྱེར་བྱང་རི་ནས་ལྷོ་ཕྱོགས་སུ་སྐྱོད་དུས་གྲོང་ཁུལ་དུ་བསླེབས་པ་ཡིན་མ་ཟད་མདོ་ལ་རི་བོ་ནས་ཡོང་བ་ཡིན་ཡང་སྲིད། གསའ་གྲོང་ཁུལ་དུ་འཁོར་བ་ནི་ཟི་ལིང་གི་ཉེ་འཁོར་གྱི་སྐྱེ་ཁམས་ཁོར་ཡུག་ཇེ་ལེགས་སུ་ཕྱིན་པར་ཕྱིའི་ཡུལ་གྱི་ཆ་ནས་ཆ་རྐྱེན་བསྐྲུན་པའམ་ཡང་ན་དེ་ལྟ་བུའི་གནས་ཚུལ་འབྱུང་སྲིད་པའི་ངེས་པ་ཆེན་པོ་ཞིག་ལྡན་སྲིད།
  ཟི་ལིང་གི་ལྷོ་རི་དང་བྱང་རིའི་ལྗང་སྒྱུར་ལས་གཞི་ལོ་ངོ30ལྷག་རིང་ལ་རྒྱུན་བསྐྱངས་པས།  གྲོང་ཁྱེར་གྱི་གནམ་གཤིས་ཆུང་ཆུང་ལ་འགྱུར་ལྡོག་བཏང་བ་མ་ཟད།  སྐྱེ་ཁམས་ཀྱི་བར་སྟོང་ལ་ཡང་ཤུགས་རྐྱེན་ཟབ་མོ་ཞིག་ཐེབས་ཡོད།  ནགས་ཚལ་གྱི་ཁེབས་རྒྱ7.2%ནས་79%ལ་འཕར་བ་དང་།  ཟི་ལིང་གི་ལྷོ་རི་དང་བྱང་རིའི་ལྗང་སྒྱུར་རི་རྒྱུད་གཅིག་ནས་གཅིག་བརྒྱུས་ཏེ་རིང་དུ་བསྲིངས། རྟ་ཐང་དང་ཧོར་གྲོང་གི་བྱང་རི་སོགས་མདོ་ལ་རི་བོའི་རྒྱུད་ཀྱི་ནགས་ཚལ་ཁུལ་རིམ་གྱིས་ཡུག་གཅིག་ཏུ་སྦྲེལ། སྐྱེ་ཁམས་ཀྱི་དོག་ལམ་དེ་ལྟར་ཡོངས་སུ་བཏོད་པར་བརྟེན། རི་སྐྱེས་སྲོག་ཆགས་ཀྱི་ཁྱབ་ཚུལ་དེ་གཅིག་ནས་གཅིག་ལ་སྦྲེལ་བ་ལྟ་བུའི་འཚོ་གནས་ཁོར་ཡུག་བསྐྲུན།  ཐེངས་འདིར་ཟི་ལིང་གི་གྲོང་ཁུལ་དུ་མགོ་འཁོར་བའི་གསའ་ནི“ལྗང་མདོག་གི་འགྲོ་ལམ”འདིར་བརྒྱུད་དེ་ལྷོ་ཕྱོགས་སུ་ཡོང་བ་ཡིན་ཡང་སྲིད། གསའ་དེས་མངའ་ཁོངས་གསར་པ་ཞིག་འཚོལ་བའི་གོ་རིམ་ཁྲོད།  གྲོང་ཁྱེར་གྱི་མཐའ་རུ་སྐྱེས་པའི་རྫོང་མཐུག་པའི་ནགས་ཚལ་དེ་འཚོལ་བྱའི་ནགས་རིར་འཕྲུལ་ཞིང་།  ཟས་འཚོལ་བའི་གོ་རིམ་ཁྲོད་སྐྱེ་ཁམས་དོག་ལམ་བརྒྱུད་དེ་མིའི་རིགས་འགུལ་སྐྱོད་ཀྱི་ས་ཁོངས་སུ་མགོ་འཁོར་བ་ཡིན་སྲིད།

གསའ་དེ“གྲོང་ཁུལ་དུ་ཡོང་བ”ནས“ཕྱིར་རི་ཁུལ་དུ་བཏངས”པ་ལས་ང་ཚོས་མི་དང་རི་སྐྱེས་སྲོག་ཆགས་བར་གྱི་འབྲེལ་བར་འགྱུར་ལྡོག་གསར་པ་ཞིག་འབྱུང་བཞིན་པ་མཐོང་བར་མ་ཟད། བསམ་གཞིགས་ཟབ་མོ་ཞིག་ཀྱང་ངང་གིས་བསྐྱེད་ཡོང་།

དམར་ཕྱིའི་ལྟ་ཞིབ་ཚད་ལེན་གྱི་པར་ཆས་བསྒྲིགས་ནས་རི་སྐྱེས་སྲོག་ཆགས་ལ་ལྟ་སྐུལ་ཚད་ལེན་བྱེད་པ།  

རྗེས་འདེད་སྐེ་རྒྱན་འདོགས་བཞིན་པ།“མཐོང་དཀོན་པ”ནས“བྱུང་མང་པའི”བར་དུ“ཕྲད”མང་བའི་རྒྱབ་ཀྱི་བདེན་དོན་གསུམ། 

གསའ་དང་དྲེད་མོང་གྲོང་དུ་འཁོར་བ། གནའ་བ་རི་ལས་འབབ་པ་ལ་སོགས་ཀྱི་སྣང་ཚུལ་དེ་ལས་རི་སྐྱེས་སྲོག་ཆགས་ཀྱི་རིགས་ཇེ་མང་དུ་འགྲོ་བ་ཡིན་ནམ་ཞེ་ན། མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུས་རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་སྲུང་སྐྱོབ་ཁྲུའུ་ཡི་འབྲེལ་ཡོད་འགན་ཁུར་བས་བལྟས་ན། དེ་ལྟ་བུའི་ཚོར་ཤེས་ཀྱི་འགྱུར་བའི་རྒྱབ་ལོགས་སུ་རྒྱུ་མཚན་གསུམ་ཡོད་ཟེར།

གཅིག་ནི་མི་རྣམས་ཀྱི་དོ་སྣང་ཇེ་མང་དུ་ཕྱིན་པས་རེད། སྐྱེ་ཁམས་དཔལ་ཡོན་གྱི་འདུ་ཤེས་མི་སེམས་ལ་འཇགས་པར་བརྟེན་ནས་སྤྱི་དམངས་ཀྱིས་རི་སྐྱེས་སྲོག་ཆགས་ལ་དོ་སྣང་བྱེད་ཚུལ་མངོན་གསལ་ཇེ་མང་དུ་གྱུར། གསའ་ཞིག་གྲོང་ཁྱེར་ཉེ་འཁོར་དུ་ཡོང་བ་དེ་སྔོན་ཆད་ཡིན་ན་ཡུལ་ལུང་ཆུང་ཆུང་ཞིག་གི་གནས་ཚུལ་ཙམ་ཡིན། ད་ལྟ་མི་དེ་ལས་མང་པོ་ཞིག་གིས་དོ་སྣང་བྱེད་ཀྱི་ཡོད་པས། དོ་སྣང་མང་པོ་བྱས་ན་གནས་ཚུལ་ཡང་རང་བཞིན་གྱིས་མང་པོ་ཞིག་མཐོང་ཐུབ་པ་རེད།

གཉིས་ནི་ལྟ་ཞིབ་ཚད་ལེན་ཀྱི་ཐབས་སྔར་ལས་སྔོན་ཐོན་ཡིན་པས་རེད། དམར་ཕྱིའི་པར་ཆས་དང་། སྲུང་སྐར་རྗེས་འདེད། མི་མེད་གནམ་གྲུའི་བརྙན་ཕབ། DNAགསལ་འབྱེད་ལ་སོགས་ལག་རྩལ་ཡར་རྒྱས་བྱུང་བ་ལ་བརྟེན་ནས་སྔོན་ཆད་མཐོང་དཀའ་བའི་རི་སྐྱེས་སྲོག་ཆགས་ཀྱི་འགུལ་སྐྱོད་བརྙན་ལམ་ནས་ཕབ་ལེན་ཐུབ་ཀྱི་ཡོད། རྟ་ཐང་གི་བྱང་རིའི་ཆུ་མགོ་ཁུལ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་ལ་དཔེ་བཞག་ན། 2025ལོར་གནས་དེར་གསའ57སྔ་རྗེས་སུ་གསལ་འབྱེད་ཐུབ་ཡོད། གསའ་དེ་དག“གློ་བུར་དུ་ཐོན་པ”མ་ཡིན་པར“དེ་གར་གནས་ཡོད་པ”རེད།  ཚུལ་དེ་ལག་རྩལ་ལ་བརྟེན་ནས་ཁོ་ཚོ་མཐོང་བ་ཡིན།

གསུམ་ནི་བརྒྱུད་སྒྲོག་ཐབས་ལམ་ཇེ་མང་དུ་ཕྱིན་པས་རེད། རིག་ནུས་ཁ་པར་ཁྱབ་གདལ་དང་། སྤྱི་ཚོགས་འབྲེལ་འདྲིས་སྨྱན་བྱེད་དར་ཁྱབ་ཆེ་བ་ལ་བརྟེན་ནས་ཆ་འཕྲིན་བརྒྱུད་སྒྲོག་གི་མྱུར་ཚད་ལྡབ་འགྱུར་གྱིས་ཇེ་མཐོར་ཕྱིན། ད་ལྟ་རི་སྐྱེས་སྲོག་ཆགས་གང་ཞིག་མཐོང་བ་ཡིན་ན། ཕལ་ཆེར་ཆུ་ཚོད1གི་ནང་དུ་དྲ་ཐོག་ཏུ་ཁྱབ་སྲིད། “བརྒྱུད་སྒྲོག་མང་ན་ཚོར་ཤེས་རང་བཞིན་གྱིས་ཇེ་དྲག་ཏུ་གྱུར་པས། རི་སྐྱེས་སྲོག་ཆགས་དེ་ལས་རིགས་ནང་ཁུལ་ནས་སྤྱི་དམངས་ཀྱི་མཐོང་ལམ་དུ་མངོན་པ་རེད།  

ཆི་ཞིན་ཀྲང་གིས་ཀྱང་དེ་ལྟ་བུའི་འགྲེལ་བཤད་ཅིག་བརྒྱབ་བྱུང་བ་སྟེ། མྱུར་སྐྱོབ་ཀྱི་དཔེ་མཚོན་ཇེ་མང་དུ་གྱུར་ན་སྤྱི་དམངས་ཀྱིས་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་ཀྱི་འདུ་ཤེས་ཇེ་མཐོར་འགྲོ་བཞིན་པ་མཚོན། “གསའ་མྱུར་སྐྱོབ་ཀྱི་དཔེ་མཚོན་གཞན་དག་ཀྱང་ཕལ་ཆེ་བ་ཆ་རྐྱེན་འདི་དང་མཐུན་ཏེ། ཚང་མ་མིའི་རིགས་ཐོག་མར་འཚོ་སྡོད་བྱེད་སའི་ཉེ་འཁོར་ནས་བསྐྱབས་པ་ཡིན། ”ཞེས་ཁོས་དང་ཐོག་གི་དཔེ་མཚོན་འགའ་ནི་མང་ཚོགས་ཀྱིས་ཐོག་མར་མཐོང་ནས་ང་ཚོར་ཡར་ཞུ་བྱས་པ་ཡིན་ཟེར། 

“ཕྱོགས་སྟོན་ཆས”ཀྱིས་གསའ་ཡི་གལ་ཆེ་རང་བཞིན་གྱི་གསང་བ་བརྟོལ།

མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་རིས་མཛོད་ནང་དུ། གསའ་ནི་དམིགས་བསལ་གྱིས་གནས་ཡོད། གཟན་ཕྲེང་གི་རྩེ་མོ་ན་ཡོད་པའི་དཔེ་མཚོན་སྲོག་ཆག་ཞིག་ཡིན་པའི་ཆ་ནས། དེའི་གནས་སྟངས་ཀྱིས་སྐྱེ་ཁམས་མ་ལག་བདེ་ཐང་ཡིན་མིན་ཐད་ཀར་མཚོན་ཐུབ།

“གཟན་ཕྲེང་གི་རྩེ་མོ་ན་ཡོད་པའི་སྲོག་ཆགས་གཞན་དག་དང་འདྲ་བར། གསའ་ཡི་འཚོ་གནས་དེ་སྐྱེ་དངོས་ཀྱི་སྦྲེལ་ཐག་ཆ་ཚང་བ་ཞིག་ལ་བརྟེན་དགོས།  ཆི་ཞིན་ཀྲང་གིས་གསར་འགོད་པར་རིགས་ལམ་དེ་གསལ་བྱས་བྱུང་བ་སྟེ། གསའ་ཞིག་གནས་དགོས་ན་དེ་ངེས་པར་དུ་འཚོ་ཐུབ་དགོས་ལ། དེ་འཚོ་བ་ལ་གཟན་ཕུན་སུམ་ཚོགས་པ་ཞིག་ལ་བརྟེན་དགོས། དཔེར་ན་གནའ་བའི་རིགས་ཁྱུ་གཞི་ཁྱོན་ཆེན་པོ་ཞིག་དགོས་ན། དེ་ལ་རྩྭ་ལྡུམ་གྱི་སྣ་རིགས་དང་གྲངས་འབོར་འདང་ངེ་ཞིག་དང་རྩྭ་སའི་རྒྱུ་སྤུས་ལེགས་པོ་ཞིག་ལ་བརྟེན་དགོས། རྩྭ་ཡི་རྒྱུ་སྤུས་ལེགས་དགོས་ན་ས་ཆུ་བཟང་པོ་ཞིག་དང་གནམ་གཤིས་ཆ་རྐྱེན་ལེགས་ཤོས་ཤིག་ལ་བརྟེན་དགོས་པ་སོགས་སྐྱེ་ཁམས་ཁོར་ཡུག་ཆ་ཚང་བ་ཞིག་གི་འདེགས་སྐྱོར་ལ་བརྟེན་དགོས་པ་ལྟ་བུ་རེད། དེར་གཅིག་ལ་གཅིག་བརྟེན་གྱི་འབྲེལ་བ་དམ་པོ་ཡོད། རྩི་ཤིང་གི་སྣ་འཛོམས་ན་གནའ་བའི་གྲངས་འབོར་མང་སྲིད་ལ། གནའ་བའི་གྲངས་འབོར་མང་ན་གསའ་ཡི་འཚོ་ཐབས་ད་གཟོད་རྒྱུན་ལྡན་ཡིན། དེ་ལས་ལྡོག་ཏེ། གསའ་ཡོད་ན་གནའ་བོའི་གྲངས་འབོར་ལ་ཚོད་འཛིན་ཐུབ་པ་དང་། རྩྭ་ས་ཉམས་ཞན་དང་གཏོར་བརླག་ལ་སྔོན་འགོག་བྱེད་ཐུབ།

“འདི་ལྟ་བུའི་གཅིག་ལ་གཅིག་བརྟེན་གྱི་འབྲེལ་ཐག་བར་ལ་གནད་དོན་གང་རུང་ཞིག་བྱུང་ཚེ། གསའ་ཡི་རིགས་ཁྱུ་ལ་ཉམས་དམུས་ཆེན་པོ་ཞིག་ཐེབས་ངེས།  རྩྭ་དང་གནའ་བ། གསའ་གསུམ་ལས་གང་རུང་ཞིག་ལ་ཉམས་ཆག་བྱུང་ན་མཐའ་མར་གཟན་ཕྲེང་གི་རྩེ་མོ་ན་ཡོད་པའི་སྲོག་ཆགས་དེ་ལ་ཐད་ཀར་ཕོག་ཐུག་བཟོ་ངེས།  ས་གནས་གཅིག་ཏུ་གནའ་བ་གཅིག་ཀྱང་མེད་ན།  ཁྱེད་ཀྱིས་གསའ་ཁོ་ནར་སྲུང་སྐྱོབ་བྱ་རྒྱུ་ཞེས་ན་དེ་ཤི་འགྲོ་བ་མ་གཏོགས་སྲུང་སྐྱོབ་བྱེད་ཐུབ་པ་མ་རེད་ཟེར།

རྒྱུ་མཚན་དེའི་དབང་གིས་གསའ་ལ་མཐོ་སྒང་གི་སྐྱེ་དངོས་མ་ལག་གི“ཕྱོགས་སྟོན་ཆས”ཞེས་འབོད་པ་རེད།  ས་ཁོངས་ཤིག་གི་གསའ་ཡི་གྲངས་འབོར་རྒྱུན་ལྡན་གྱི་ཚད་ནས་རྒྱུན་བསྐྱངས་ཐུབ་ཚེ། ཕལ་ཆེར་སྐྱེ་ཁམས་མ་ལག་ཧ་ཅང་ལེགས་པ་དང་ཆ་ཚང་བའི་དཔག་ཐུབ། དེ་ལས་ལྡོག་ཏེ་གལ་སྲིད་གསའ་སྟོངས་བར་གྱུར་ཚེ། སྐྱེ་ཁམས་མ་ལག་ལ་གནད་དོན་ཡོད་ངེས། ཡང་མིན་ན་གནའ་བ་སོགས་གསའ་ཡི་ཁ་གཟན་ལ་གནད་དོན་བྱུང་བ་དང་། ཡང་མིན་ན་རྩི་ཤིང་ལ་གནད་དོན་བྱུང་། ཡང་མིན་ན་ཁོར་ཡུག་ལ་འགྱུར་ལྡོག་ཆེན་པོ་བྱུང་བ་བཅས་ཀྱི་གནད་དོན་ཡིན་ངེས།

དེ་བས་བལྟས་ཚོད་ཀྱིས་ང་ཚོས་གསའ་སྲུང་སྐྱོབ་བྱེད་ཀྱིན་ཡོད་མོད། དོན་དམ་སྐྱེ་ཁམས་མ་ལག་ཡོངས་ལ་སྲུང་སྐྱོབ་བྱེད་ཀྱིན་ཡོད་ཅེས་ཆི་ཞིན་ཀྲང་གིས་དེ་ལྟར་བཤད། གསའ་སྲུང་སྐྱོབ་ལེགས་པོ་བྱས་ན། ད་གཟོད་སྐྱེ་ཁམས་མ་ལག་སྤྱི་ཡི་གཏན་འཇགས་ལ་སྲུང་སྐྱོབ་ལེགས་པོ་ཐུབ་པ་མཚོན།

རིགས་ཁྱུའི་གྲངས་འབོར་འཕེལ་འགྲིབ་ལུགས་མཐུན་ཡོང་བ་ནི་རང་བྱུང་གི་གནས་སྟངས་ཤིག་རེད། མང་ཚོགས་ལ་ལ་ཞིག་གིས་གལ་སྲིད་གསའ་ཇེ་མང་དུ་ཕྱིན་ན་འགོག་མེད་ཀྱི་གནོད་འཚེ་འབྱུང་སྲིད་ཅེས་སེམས་ཁྲལ་བྱེད་ཀྱིན་ཡོད།  

“གཞུང་ལུགས་ཀྱི་ངོས་ནས་ཆེད་མཁས་པས་ཞིབ་འཇུག་བརྡར་གཅོད་བྱས་ཏེ་སྙོམ་སྒྲིག་དང་ཚོད་འཛིན་ལུགས་མཐུན་བྱ་ཆོག་མོད། རང་བྱུང་ཁམས་ཀྱི་ཆོས་ཉིད་ལ་བལྟས་ན་གསའ་ཆེ་ཆེར་འཕེལ་རྒྱུ་ནི་དཔེ་སྲིད་པ་ཞིག་མ་ཡིན། ཞེས་མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུས་རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་སྲུང་སྐྱོབ་ཁྲུའུ་ཡི་འབྲེལ་ཡོད་འགན་འཁུར་བས་དེ་ལྟར་འགྲེལ་བ་བརྒྱབ་བྱུང་། ཤ་གཟན་གྱི་སྲོག་ཆགས་དང་རྩྭ་གཟན་གྱི་སྲོག་ཆགས་གཉིས་མི་འདྲ། རྩྭ་གཟན་གྱི་སྲོག་ཆགས་དུས་ཐུང་ནས་རིགས་ཁྱུའི་གཞི་ཁྱོན་ཆེ་ན་ཡང་། ཤ་གཟན་གྱི་གྲངས་འབོར་ལ་རྒྱུ་རྐྱེན་གང་མང་ཞིག་ཚད་བཀག་ཐེབས་པ་མང་ལ། ནང་སྒོས་སུ་གཟན་གྱི་ཆ་ནས་རང་བྱུང་གིས་སྙོམ་སྒྲིག་བྱེད་ངེས་ཏེ། གྲངས་འབོར་མང་ན་གཟན་ཉུང་བ་དང་། གཟན་ཉུང་ན་འཚོ་བཅུད་ཀྱིས་མི་འདང་བས།  སྲོག་ཆགས་ཀྱི་རིགས་ཁྱུའི་གྲངས་འབོར་ཡང་རང་བཞིན་གྱིས་ཇེ་ཉུང་དུ་འགྲོ་ངེས་ཟེར། 

ཟུར་དེ་ནས་བལྟས་ན། གསའ་གནས་པ་མ་གཞི་ནས་སྐྱེ་ཁམས་མ་ལག་གི་རང་འགུལ་སྙོམ་སྒྲིག་གི་ནུས་པ་ཆེ་ལེགས་པའི་དཔང་པོ་ཞིག་ཡིན། མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུས་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་སྲུང་སྐྱོབ་ཁྲུའུ་ཡི་འགན་འཁུར་བས། བདེ་ཐང་གི་སྐྱེ་ཁམས་མ་ལག་ནི་མ་གཞི་ནས་འགུལ་རྣམ་ཅན་གྱི་སྙོམ་སྒྲིག་གོ་རིམ་ཞིག་ཡིན་པས། འཕེལ་འགྲིབ་ཅུང་ཟད་རེ་བྱུང་བ་ནི་རྒྱུན་ལྡན་ཡིན། གནད་འགག་ནི་སྤྱིའི་གནས་སྟངས་བཟང་བོ་དེ་རྒྱུན་འཁྱོངས་ཐུབ་རྒྱུ་དེ་རེད་ཟེར།

ཁྲིམས་སྐྱོང་གི་འགན་སྲུང་ནས་འཆམ་མཐུན་མཉམ་གནས་བར། "ལམ་ཕྲད"ལ་བདེ་འཇགས་ཀྱི་བར་ཐག་འཇོག་དགོས།   

མཚོ་སྔོན་ནི་ཆུ་གསུམ་མགོ་ཁུངས་དང“ཀྲུང་ཧྭའི་ཆུ་མཛོད”ཡིན་ལ། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གལ་ཆེན་ཡང་ཡིན། མཚོ་སྔོན་གྱི“རིན་ཐང་ཆེ་ཤོས་ནི་སྐྱེ་ཁམས་དང་། འགན་འཁྲི་ཆེ་ཤོས་ནི་སྐྱེ་ཁམས། མི་མངོན་སྟོབས་ཤུགས་ཆེ་ཤོས་ནི་སྐྱེ་ཁམས”བཅས་ཡིན་པའི་ཞིང་ཆེན་གྱི་ལངས་གནས་ལ་གཞི་བཙུགས་ཏེ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་ནུས་རྒུས་བཏོད་ནས་མི་དང་རང་བྱུང་འཆམ་མཐུན་མཉམ་གནས་ལ་སྐུལ་འདེད་བཏང་ནས་ཀུན་གྱི་སྔུན་ལ་བུད་ཡོད།
  2025ལོར། མཚོ་སྔོན་དུ་སྐྱེ་ཁམས་ལྟ་སྐྱོང་བའི་སྤྱི་ཕན་ལས་རྐང3632ཁ་སྣོན་བརྒྱབ་པ་དང་། ཁོར་ཡུག་དང་མཁའ་དབུགས་ཀྱི་སྤུས་ཚད་བརྟན་པོའི་ཁྲོད་ལེགས་ཕྱོགས་སུ་འཕེལ་ཡོད་ལ།  གནམ་གཤིས་ལེགས་པའི་ཉིན་གྲངས་ཀྱི་བསྡུར་ཚད97.9%ལ་བསླེབས།  རྒྱལ་ཁོངས་ས་ཞིང་ས་མུའུ་ཁྲི693.4ལྗང་སྒྱུར་བྱས་པ་དང་།  བྱེ་འགོག་བྱེ་བཅོས་ས་མུའུ་ཁྲི228.3དང་། རྩྭ་ཐང་གི་ཕྱོགས་བསྡུས་རྩི་ཤིང་ཁེབས་ཚད58.81% བསླེབས།   གཙོད་ཀྱི་གྲངས་འབོར་དུས་རབས20བའི་ལོ་རབས་དགུ་བཅུ་བའི་ཁྲི2ལ་མི་ལོངས་པ་ནས་སླར་གསོ་བྱས་ནས་ད་ལྟ་ཁྲི7ལྷག་ལ་བསླེབས།  དགོ་སྐྱ300ལྷག་ནས3700ལྷག་ལ་བསླེབས་ཡོད་དོ། །

ད་ལོར་དངོས་བྱུང་གི་གཏམ་རྒྱུད་གཞི་བྱས་ནས་ཕབ་སྒྲིག་བྱས་པའི་མུ་འབྲེལ་བརྙན་འཕྲིན་ཟློས་གར《བླ་ཤིང་།》ཞེས་པ་ཀྲུང་དབྱང་བརྙན་འཕྲིན་དང་ས་གནས་མང་པོའི་བརྙན་ལམ་ནས་བཏང་སྟེ།  མཚོ་སྔོན་གྱི་སྐྱེ་ཁམས་བརྟན་སྲུང་གི་ཚོས་གཞི་ཡང་བསྐྱར་ཀུན་གྱི་མིག་མདུན་དུ་ངོམ་ལ།  ད་ལོའི་དཔྱིད་གསར་གུང་གསེང་རིང་གི་གླེང་ཕྱོགས་ཚ་ཤོས་ནང་གི་གཅིག་ཏུ་གྱུར།   མཚོ་སྔོན་གྱི་སྐྱེ་ཁམས་སྲུང་སྐྱོབ་གྱི་ཕན་འབྲས་དེ་མིག་མཐོང་ལག་ཟིན་གྱི་འགྱུར་བ་ཞིག་ཏུ་འགྱུར་བཞིན་ཡོད་ཅིང་། གྲངས་ཀ་དེ་དག་གི་རྒྱབ་ལོགས་ནི་མཚོ་སྔོན་གྱིས་ལོ་ངོ་བཅུ་ཕྲག་ལ་འབད་པ་ལྷོད་མེད་པའི་བྱས་པའི་སྐྱེ་ཁམས་སྲུང་སྐྱོབ་ཡིན།    

དེ་མཚུངས་སུ་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་དང་མིའི་རིགས་ཀྱི་ཐོན་སྐྱེད་འཚོ་བའི་བར་གྱི་འགལ་བ་དང་། རི་སྐྱེས་སྲོག་ཆགས་གནོད་འཚེ་སྔོན་འགོག་ཚོད་འཛིན་ལ་སོགས་པའི་གནད་དོན་ཉིན་རེའི་བཞིན་མངོན་གསལ་རེད།  དྲེད་མོང་གིས་འབྲོག་པར་ཟིང་ཟིང་བཟོ་བ་དང་། ཡུལ་སྐོར་བས་སྒྲིག་འགལ་གྱིས་གཟན་སྟེར་བའི་གནད་དོན་དུས་ངེས་མེད་ལ་བྱུང་བཞིན་ཡོད། ཚུལ་དེ་ཇི་ལྟར་ཚན་རིག་དང་མཐུན་པས་ཐག་གཅོད་ཅིག་བྱས་ན་ད་གཟོད་མང་ཚོགས་ཀྱི་བདེ་འཇགས་ལ་འགན་སྲུང་ཐུབ་པའི་ཞོར་ལ་རི་སྐྱེས་སྲོག་ཆགས་ལ་སྲུང་སྐྱོབ་བྱེད་ཐུབ་རྒྱུ་དེ་ང་ཚོའི་མིག་མདུན་དུ་ཐག་གཅོད་བྱེད་དགོས་པའི་གནད་དོན་ཞིག་ཏུ་གྱུར་ཡོད། 2026ལོའི་ཟླ1ཚེས1ཉིན་ནས་བཟུང་། 《མཚོ་སྔོན་ཞིང་ཆེན་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་སྲོལ་ཡིག》(གཤམ་དུ་བསྡུས་མིང《སྲོལ་ཡིག》ཅེས་དགོད་རྒྱུ)ལག་བསྟར་བྱས་ཏེ། ཁྲིམས་སྐྱོང་གི་སྟོབས་ཤུགས་ལ་བརྟེན་ནས་མཐོ་སྒང་གི་སྲོག་ལྡན་ཁྲི་མ་འབུམ་ལ་སྲུང་སྐྱོབ་བྱེད་པའི་མགོ་བརྩམས།

“སྔོན་ཆད་འབྲོག་པ་དྲེད་མོང་ལ་འཕྲད་ན་རྩྭ་ར་བརླག་ཀྱང་། ཉེན་འགོག་འགན་ལེན་གྱི་ཁ་གསབ་ལ་སྒུག་ནས་སྡོད་པ་ལས་འོས་མེད། ད་ལྟ་དེ་དུས་དང་མི་འདྲ།”ཞེས་མཚོ་སྔོན་ཞིང་ཆེན་ནགས་ལས་རྩྭ་ཐང་ཅུས་རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་སྲུང་སྐྱོབ་ཁྲུའུ་ཡི་འབྲེལ་ཡོད་འགན་འཁུར་བས་དཔེ་དང་བཅས་དེ་ལྟར་བཤད་བྱུང་། 《སྲོལ་ཡིག》ནང་དུ“གནས་གསུམ་གཞི་གཅིག”གི་སྔོན་འགོག་ཚོད་འཛིན་མ་ལག་བཟོས་ཡོད་དེ། རྫོང་རིམ་པའི་སྲིད་གཞུང་གིས་གནོད་པ་སྔོན་འགོག་དང་ཚོད་འཛིན་གྱི་ཇུས་གཞི་བཟོས་ཏེ། རྩྭ་རའི་ཉེ་འཁོར་དུ་བར་གཅོད་ར་བ་དང་། ལྟ་ཞིབ་ཚད་ལེན་གྱི་སྔོན་བརྡའི་སྒྲིག་ཆས་གཟུག་དགོས། གལ་ཏེ་རི་སྐྱེས་སྲོག་ཆགས་ཀྱི་གྲངས་འབོར་ཁོར་ཡུག་གི་ཐེག་ཚད་ལས་བརྒལ་ན་ཁྲིམས་བཞིན་དུ་སྲུང་སྐྱོབ་ཁུལ་ནས་གནས་སྤོ་བའམ་ཡང་ན་རྔོན་བརྒྱབ་ནས་སྙོམ་སྒྲིག་ཚོད་འཛིན་བྱེད་དགོས། གལ་ཏེ་རྒྱུ་ནོར་ལ་གོད་ཆག་དང་མི་ལ་གནོད་པ་བཏང་བ་ཡིན་ན།  སྲིད་གཞུང་གིས་གཏན་འབེབས་ལྟར་ཁ་གསབ་སྟེར་དགོས་པ་མ་ཟད།  ཉེན་འགོག་འགན་ལེན་ལས་ཁུངས་ལ་ཡར་སྐུལ་ཐོག་སྐྱིན་ཚབ་འཇལ་བའི་འགན་ལེན་བྱེད་ཐབས་འདོན་དུ་བཅུག་ནས“འགན་སྲུང་གཉིས”ཡོད་པ་བྱེད་དགོས།   
  གཞན་ཡང《སྲོལ་ཡིག》ནང་དུ་སྲོག་ཆགས་ཀྱི་བསྟི་གནས་སྲུང་སྐྱོབ་ཕྱིར་དུ“གཏན་འགོག་གསལ་ཐོ”བཟོས་ཡོད་དེ། ཧྥེན་པེ་མཐོ་ཤོས་ཀྱི་འཛར་སྒྲ་བཟོ་བ། སྲོག་ཆགས་ཀྱི་ཚང་གཏོར་བ། སྲོག་ཆགས་བདའ་བ། རང་འགུལ་གྱིས་ཟས་སྟེར་བ། སྒྲིག་འགལ་གྱིས་བརྙན་ལེན་པ་སོགས་ཀྱི་བྱ་སྤྱོད་སྤེལ་ན། ཆེས་མཐོ་བ་སྒོར5000ཀྱི་ཆད་པ་གཅོད་རྒྱུ་དང་། དུས་མཚུངས་སུ་རི་སྐྱེས་སྲོག་ཆགས་རྒྱུན་དུ་རྒྱུ་སའི་གཞུང་ལམ་གྱི་མཚམས་སུ་བདེ་འཇགས་ཀྱི་ཉེན་ཟོན་མཚོན་རྟགས་བཀོད་དེ། རླངས་འཁོར་ཐོ་རྒྱག་པའི་དོན་རྐྱེན་ཇེ་ཉུང་དུ་གཏང་དགོས་པ་གཏན་འབེབས་བྱས་ཡོད།  

ཁྲིམས་འགལ་གྱི་རི་དྭགས་རྔོན་པ་དང་ཉོ་ཚོང་བྱེད་པ་ལ་དམིགས་ཏེ། 《སྲོལ་ཡིག》ནང་དུ“དྲ་འོག་གི་ཞིབ་བཤེར+དྲ་ཐོག་གི་ལྟ་རྟོག་དོ་དམ”གྱི་ཁྲིམས་བསྟར་མ་ལག་གཟུག་དགོས་པ་སྟེ། ཚོང་རྫས་ཉོ་ཚོང་ཁྲོམ་ར་དང་དྲ་ལམ་འཕྲིན་སྟེགས་བཅས་སུ་ཁྲིམས་འགལ་གྱིས་རི་སྐྱེས་སྲོག་ཆགས་ཉོ་ཚོང་རྒྱག་མཁན་མཐོང་ན་ལམ་སེང་ཡར་ཞུ་བྱེད་དགོས། མིའི་ཐབས་ཀྱི་རི་སྐྱེས་སྲོག་ཆགས་གསོ་སྤེལ་བྱེད་པ་ལ་ཐོ་འགོད་སྙན་སེང་བྱས་ནས་རིགས་རྒྱུད་ཁུངས་ལ་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

མཚོ་སྔོན་ཞིང་ཆེན་ནགས་ལས་རྩྭ་ཐང་ཅུས་རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་སྲུང་སྐྱོབ་ཁྲུའུ་ཡི་འབྲེལ་ཡོད་འགན་འཁུར་བས་འདི་སྐད།《སྲོལ་ཡིག》ནང་མཚོ་སྔོན་གྱི་གནས་ཚུལ་དངོས་ལ་གཞི་བཙུགས་ནས་ལམ་ལུགས་གསར་གཏོད་བྱས་ཡོད་པས། ས་གནས་རང་ལ་ཡོད་པའི་སྲོག་ཆགས་དང་སྐྱེ་དངོས་རིགས་སྲུང་སྐྱོབ་དང་ལྗོངས་ཕྱིར་ལྟ་ཞིབ་དང་བརྙན་ལེན་གྱི་ཚད་གཞི་ཚད་ལྡན་ལ་སོགས་ཁྱབ་ཁོངས་ཀྱི་ཁྲིམས་སྐྱོང་གི་སྟོང་ཆ་བསྐངས་པར་མ་ཟད། མུ་འབྲེལ་མ་ལག་ཇུས་འགོད་འཐུས་ཚང་བཟོས་ཡོད།《སྲོལ་ཡིག》ལ་ཁྱོན་དོན་ཚན24ཡོད་ཅིང་། དོན་ཚན་རེ་རེ་མཚོ་སྔོན་གྱི་དགོས་མཁོ་དངོས་ལ་འཁེལ་ཡོད།

མི་དང་རི་སྐྱེས་སྲོག་ཆགས་འཆམ་མཐུན་མཉམ་གནས་ནི་མིའི་རིགས་ཀྱིས་ནམ་ཡང་འཚོལ་ཞིབ་དང་འཚོལ་སྙེག་བྱེད་པའི་འཛམ་གླིང་རང་བཞིན་གྱི་དཔྱད་གཞི་ཞིག་ཡིན་ལ། མཚོ་སྔོན་ཡང་དེ་ལས་མ་འདས། རྒྱལ་ཁབ་ཀྱི་ཁྲིམས་ལུགས་ནས་ས་གནས་ཀྱི་སྲོལ་ཡིག གཞན་དབང་གིས་ཁ་གཏད་གཅོག་པ་ནས་རང་འགུལ་གྱིས་འགན་སྲུང་བྱེད་པའི་བར་ལ་མཚོ་སྔོན་གྱིས་ལམ་ལུགས་ཇུས་འགོད་ཆ་ཚང་བ་ཞིག་བཟོས་ནས་མི་དང་རི་སྐྱེས་སྲོག་ཆགས་འཆམ་མཐུན་མཉམ་གནས་ཀྱི་ཐབས་ལམ་འཚོལ་ཞིབ་བྱེད་བཞིན་ཡོད་དོ། །

རྩོམ་སྒྲིག་པ། : ཁོན་ཐར་འཚོ།