ཞི་ཅིན་ཕིང་གིས་ཐུང་ལུན་ལ་གློག་འཕྲིན་བཏང་ནས་ཁོ་རང་མུ་མཐུད་དུ་ལའོ་ཝུའོ་རྒྱལ་ཁབ་ཀྱི་ཀྲུའུ་ཞིར་བདམས་པར་རྟེན་འབྲེལ་ཞུས།

ཡོང་ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ།

ཟླ3པའི་ཚེས23ཉིན།  ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཐུང་ལུན་ལ་གློག་འཕྲིན་བཏང་ནས། ཁོ་རང་མུ་མཐུད་དུ་ལའོ་ཝའོ་རྒྱལ་ཁབ་ཀྱི་ཀྲུའུ་ཞིར་བདམས་པར་རྟེན་འབྲེལ་ཞུས། 

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ལའོ་ཝུའོ་རྒྱལ་ཁབ་གཉིས་ནི་ལས་སྐལ་གཅིག་མཐུན་གྱི་སྤྱི་ཚོགས་རིང་ལུགས་ཀྱི་མཛའ་མཐུན་ཁྱིམ་མཚེས་རྒྱལ་ཁབ་ཡིན་པས།  ཕྱོགས་གཉིས་ཀས་ཐོག་མཐའ་བར་གསུམ་དུ་གཅིག་སེམས་གཅིག་གཏད་དང་ཕན་ཚུན་རོགས་རེས་བྱེད་ཀྱིན་ཡོད་ལ།  ཕན་ཚུན་གྱི་ཁེ་ཕན་གཙོ་བོ་དང་དོ་ཁུར་བྱེད་པའི་གནད་དོན་གལ་ཆེན་ཐད་བློ་བརྟན་འགྱུར་མེད་ངང་ཕན་ཚུན་རྒྱབ་སྐྱོར་བྱས་སྟབས། “བློ་མཐུན་དང་སྤུན་ཟླའི”བརྩེ་སེམས་ཟབ་མོ་ལྡན་པ་མཚོན། 2026ལོ་ནི་ཀྲུང་གོ་དང་ལའོ་ཝུའོ་བར་འབྲེལ་བ་བཙུགས་ནས་ལོ་65འཁོར་བ་དང་“ཀྲུང་གོ་དང་ལའོ་ཝུའོ་ཡི་མཛའ་འབྲེལ་ལོ”འང་ཡིན་པས། ཕྱོགས་གཉིས་ཀས་རྟེན་འབྲེལ་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས། རྒྱལ་ཁབ་གཉིས་ཀའི་མི་དམངས་ཀྱི་མཛའ་འབྲེལ་ཇེ་ཟབ་ཏུ་གཏོང་ཆེད་སྒུལ་ཤུགས་གསར་པ་སྣོན་དགོས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན།  ད་ལོ་ནི་ཀྲུང་གོའི“ལོ་ལྔའི་འཆར་འགོད་བཅོ་ལྔ་པ”དང་ལའོ་ཝུའོ་ཡི“ལོ་ལྔའི་འཆར་འགོད་བཅུ་པ”འགོ་རྩོམ་པའི་ལོ་ཡིན་ཞིང་། རྒྱལ་ཁབ་གཉིས་པོ་འཕེལ་རྒྱས་དང་དར་རྒྱས་ཀྱི་གནད་འགག་གི་དུས་རིམ་དུ་སླེབས་ཡོད་ལ།  ཕྱོགས་གཉིས་ཀྱིས་གཉིས་ཕན་མཉམ་ལས་ཐད་སྔར་ལས་རྒྱ་ཆེ་བའི་མདུན་ལྗོངས་བསུས་ཡོད། ངས་ཀྲུང་གོ་དང་ལའོ་ཝུའོ་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀའི་འབྲེལ་བ་འཕེལ་རྒྱས་གཏོང་བར་ཚད་མཐོའི་མཐོང་ཆེན་བྱེད་བཞིན་ཡོད་ལ། སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཐུང་ལོན་དང་མཉམ་དུ་འབད་བརྩོན་བྱས་ནས། རྒྱལ་ཁབ་གཉིས་ཀའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་ཀྱི་འཆར་གཞི་གསར་པ་འགོད་པ་དང་། ཀྲུང་གོ་དང་ལའོ་ཝུའོ་ཡི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་གྱི་ཆུ་ཚད་སྔར་ལས་མཐོ་བའི་ཕྱོགས་སུ་སྐྱོད་པར་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་གཉིས་ཀའི་མི་དམངས་ལ་བདེ་སྐྱིད་སྔར་ལས་བསྐྲུན་པ་དང་། ས་ཁུལ་གྱི་ཞི་བདེ་དང་འཕེལ་རྒྱས་ཐད་སྔར་ལས་ཕན་བདེ་བསྐྲུན་འདོད་ཡོད།

ཉིན་དེར།  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་གློག་འཕྲིན་བཏང་ནས་སུང་སའེ་མུ་མཐུད་དུ་ལའོ་ཝུའོ་སྲིད་གཞུང་གི་ཙུང་ལིར་བདམས་པར་རྟེན་འབྲེལ་ཞུས་པ་དང་། ཕྱོགས་གཉིས་ཀའི་སྡེ་ཁག་སོ་སོ་དང་ས་གནས་ཁག་གིས་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་རྒྱུར་མཉམ་དུ་མཛུབ་སྟོན་བྱས་ཏེ། ཀྲུང་གོ་དང་ལའོ་ཝུའོ་ཡི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་ཐད་སྔར་ལས་གྲུབ་འབྲས་ལེགས་པོ་ལེན་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་པ་བསྟན། 

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།