སྲོལ་རྒྱུན་དང་གསར་གཏོད་མཉམ་འདྲེས་ཟེར་ན་འདི་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

ཉེ་ཆར། བོད་རང་སྐྱོང་ལྗོངས་རིག་གནས་དང་ཡུལ་སྐོར་ཐིང་གིས་གཙོ་གཉེར་བྱས་པའི་“སྲོལ་རྒྱུན་སྒྲ་སྙན་སྲུང་སྐྱོབ་དང་བཟོ་སྐྲུན་རྣམ་གྲངས་”ཀྱི་གྲུབ་འབྲས་རྩིས་ལེན་ཚོགས་འདུ་ལྷ་སར་འཚོགས་ཤིང་། དེའི་ནང་གི་གྲུབ་འབྲས་གཙོ་བོ་སྟེ་“བསམ་བཀོད་གསར་པའི་སྒྲ་སྙན་2.0”ཞེས་པ་དངོས་སུ་འགྲེམས་སྟོན་བྱས་པ་རེད།

སྒྲ་སྙན་ནི་བོད་ཀྱི་སྲོལ་རྒྱུན་གྱི་རྒྱུད་དྲུག་དཀྲོལ་ལེན་རོལ་ཆ་ཞིག་ཡིན་པ་དང་། རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་སྟེ་སྒྲ་སྙན་བཟོ་རྩལ་གྱི་སྲུང་སྐྱོབ་གྲུབ་འབྲས་གསར་ཤོས་ཡིན་པའི་ངོས་ནས། ཐོན་གཉིས་པ་སྟེ་(2.0)པར་མའི་སྒྲ་སྙན་འདིས་སྲོལ་རྒྱུན་གྱི་བཟོ་དབྱིབས་དང་རང་བྱུང་གི་སྒྲ་གདངས་ཉམས་འགྱུར་རང་སོར་བཞག་པའི་རྨང་གཞིའི་ཐོག དེང་རབས་ཀྱི་བཟོ་རྩལ་དང་ལག་རྩལ་གསར་པ་མང་པོ་མཉམ་འདྲེས་བྱས་ཡོད། ཐོན་གཉིས་པའི་སྒྲ་སྙན་རོལ་ཆ་གསར་པར་ཆེད་བཟོས་ཀྱི་འཕྲུལ་ཆས་སྒྲིག་ཕུར་བསྒར་བ་དང་། ལྕགས་ཀྱི་ནང་སྙིང་ཅན་གྱི་རྒྱུད་སྐུད་སྤྱད་པ། དེ་བཞིན་མཁྲེགས་ཤིང་མང་པོ་མཉམ་སྒྲིག་གི་མཐེབ་པང་ཀྱང་ལེགས་བཅོས་བྱས་ཡོད།

རྦད་དེ་གསར་དུ་ཇུས་འགོད་བྱས་པའི་རྒྱུད་བར་སྒྲ་ཚིགས་ཀྱིས་སྲོལ་རྒྱུན་སྒྲ་སྙན་གྱི་མཐེབ་གནས་མཐོ་སར་སྒྲ་ཚད་མི་འཁེལ་བ་དང་། སྒྲ་གདངས་སྒྱུར་དཀའ་བ་སོགས་ཀྱི་གནད་དོན་ནུས་ལྡན་ངང་ཐག་གཅོད་བྱས་ཡོད་ལ། གཟེར་སྦྲེལ་སྒྲིག་གཞིས་ཀྱང་རོལ་ཆས་ཉམས་བཟོ་དང་ལྷུ་ལག་བརྗེ་རྒྱུ་སྟབས་བདེ་རུ་བཏང་ཡོད།

ཐེངས་འདིའི་ཞིབ་འཇུག་གསར་སྤེལ་ནི་ལྷ་སའི་སྒྲ་སྙན་རྡུང་ལེན་གྱི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་བསྟན་འཛིན་ཡེ་ཤེས་དང་ལག་རྩལ་ཆེད་ལས་མཁས་པས་མཉམ་འབྲེལ་ཐོག་ལེགས་གྲུབ་བྱས་པ་ཞིག་རེད།

ཐོན་གསར་པའི་སྒྲ་སྙན་འདིས་དཀྲོལ་ལེན་ལག་རྩལ་ཐད་སྒྱུ་རྩལ་གྱི་བར་སྟོང་དེ་བས་ཡངས་པ་བཏོད་པ་མ་ཟད། བོད་ཀྱི་མི་རིགས་རོལ་ཆ་ལེགས་བཅོས་ཀྱི་ལས་དོན་དེ་ཉིད་ཚད་ལྡན་ཅན་དང་མ་ལག་ཅན་གྱི་དུས་མཚམས་གསར་པ་ཞིག་ཏུ་སླེབས་པ་ཡང་མཚོན་ཡོད།

རྩོམ་སྒྲིག་པ། : ཁོན་ཐར་འཚོ།