ཞི་ཅིན་ཕིང་གིས་ཐ་ཁུའུ་མན་སི་ཐན་མི་རིགས་ཀྱི་གཙོ་འཛིན་དང་མི་དམངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་པེར་ཏེ་མུའུ་ཧ་མེ་ཏུའོ་ཧྥུའུ་ལ་མཇལ་འཕྲད་གནང་།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ3པའི་ཚེས18ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་ཏེའོ་ཡུས་ཐའེ་རྒྱལ་མགྲོན་ཁང་དུ་ཀྲུང་གོར་མཛའ་མཐུན་འཚམས་འདྲི་གནང་བར་ཕེབས་པའི་ཐ་ཁུའུ་མན་སི་ཐན་མི་རིགས་ཀྱི་གཙོ་འཛིན་དང་མི་དམངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་པེར་ཏེ་མུའུ་ཧ་མེ་ཏུའོ་ཧྥུའུ་ལ་མཇལ་འཕྲད་གནང་། 
       ཞི་ཅིན་ཕིང་གིས་བསྟན་དོན། ཅུང་མ་འགོར་བའི་སྔོན་དུ་ཀྲུང་གོའི་རྒྱལ་ཡོངས་ཚོགས་ཆེན་གཉིས་བདེ་བླག་ངང་འཚོགས་ནས། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”རྩ་གནད་ལ་ཞིབ་བཤེར་ཆོག་མཆན་གནང་། འཆར་འགོད་རྩ་གནད་ལག་བསྟར་བྱས་པ་དེས་ཀྲུང་གོས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་ཡོང་བར་རྨང་གཞི་བརྟན་པོ་འདིང་ཐུབ་ལ། འཛམ་གླིང་གི་རྒྱལ་ཁབ་ཁག་ལའང་ཕན་ཐོགས་ངེས་ཡིན། ཐ་ཁུའུ་མན་སི་ཐན་རང་བཙན་བྱས་ནས་ལོ35འགོར་བའི་རིང་། རང་བཙན་རང་བདག་དང་རང་ངོས་རྒྱལ་ཁབ་ཀྱི་གནས་ཚུལ་དང་མཐུན་པའི་འཕེལ་རྒྱས་ཀྱི་བགྲོད་ལམ་དུ་བསྐྱོད་ཡོད། མེ་ཕོ་རྟའི་ལོར། ཀྲུང་གོ་ཕྱོགས་ཀྱིས་ཐ་ཁུའུ་མན་སི་ཐན་ཕྱོགས་དང་ལྷན་དུ་མཉམ་ལས་ཀྱི་ཇུས་ཆེན་ལ་གྲོས་བསྡུར་དང་འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་བྱས་ཏེ། ཀྲུང་གོ་དང་ཐ་ཁུའུ་མན་སི་ཐན་གྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུར་སྐུལ་འདེད་གཏོང་འདོད་ཡོད། ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཕན་ཚུན་རྒྱབ་སྐྱོར་བྱ་རྒྱུ་ནི་ཀྲུང་གོ་དང་ཐ་ཁུའུ་མན་སི་ཐན་གྱི་ཕྱོགས་ཡོངས་འཐབ་ཇུས་གྲོགས་པོའི་འབྲེལ་བའི་སྲོག་སྙིང་ཡིན། རྒྱལ་སྤྱིའི་གནས་བབ་ལ་འགྱུར་ལྡོག་ཇི་ལྟར་བྱུང་རུང་། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཐ་ཁུའུ་མན་སི་ཐན་ཕྱོགས་ཀྱིས་རྒྱལ་ཁབ་ཀྱི་རང་བཙན་དང་བདག་དབང་། མངའ་ཁོངས་ཆ་ཚང་བཅས་ལ་སྲུང་སྐྱོང་བྱེད་པར་རྒྱབ་སྐྱོར་དང་ཐོག་མཐའ་བར་གསུམ་དུ་ཐ་ཁུའུ་མན་སི་ཐན་ཕྱོགས་ཀྱིས་གཏན་དུ་བར་གནས་སྲིད་ཇུས་ལག་ལེན་དུ་བསྟར་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན། དེ་བཞིན་ཐོག་མཐའ་བར་གསུམ་དུ་ཐ་ཁུའུ་མན་སི་ཐན་ཕྱོགས་ཀྱིས་ཡིད་ཆེས་བྱེད་འོས་པའི་མཉམ་ལས་གྲོགས་པོ་བྱེད་ངེས་ཡིན། ཕྱོགས་གཉིས་ཀས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་གཞི་དང་། “དར་གོས་ཚོང་ལམ་བསྐྱར་དར”གྱི་འཐབ་ཇུས་སྦྲེལ་མཐུད་ལ་མགྱོགས་མྱུར་སྒོས་སྐུལ་འདེད་བཏང་སྟེ། རང་བྱུང་སོལ་རླངས་ཁྱབ་ཁོངས་ཀྱི་མཉམ་ལས་གཞི་ཁྱོན་ཆེ་རུ་གཏོང་བ་དང་། ཉོ་ཚོང་དང་དངུལ་གཏོང་གི་ཆུ་ཚད་མཐོ་རུ་གཏོང་དགོས་ལ། ཕན་ཚུན་སྦྲེལ་མཐུད་དང་ཞིང་ལས། མི་ཐབས་རིག་ནུས། གྲངས་འཛིན་དཔལ་འབྱོར། ནུས་ཁུངས་གཙང་མ་སོགས་ཐོན་ཁུངས་མ་ཡིན་པའི་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་སྐྱེད་གཏོང་བ་དང་། ལུའུ་པན་བཟོ་ཁང་དང་ཀྲུང་ལུགས་གསོ་རིག་གི་སྨན་རྫས་ལྟེ་གནས། ཕྱོགས་གཉིས་ཀྱི་རིག་གནས་ལྟེ་གནས་བཅས་འཛུགས་པའི་ལས་དོན་ལ་སྐུལ་འདེད་བྱེད་ཚད་ཇེ་མགྱོགས་སུ་བཏང་སྟེ། ཕྱོགས་ཡོངས་ནས་མཉམ་ལས་བྱེད་པའི་རྣམ་པ་གསར་པ་གཏོད་དགོས། “ངན་ཤུགས་གསུམ”ལ་རྡུང་རྡེག་མཐའ་གཅིག་ཏུ་བཏང་ནས་རྒྱལ་ཁབ་གཉིས་པོའི་འཕེལ་རྒྱས་ཀྱི་ཆེད་དུ་བདེ་འཇགས་ཀྱི་སྲུང་ཡོལ་ཇེ་བརྟན་དུ་གཏོང་དགོས། མིག་སྔར་གོ་ལ་ཧྲིལ་པོའི་འགྲན་སློང་རྒྱུན་ཆད་མེད་པར་ཐོན་བཞིན་ཡོད་པས་ཀྲུང་གོ་ཕྱོགས་ཀྱིས་ཐ་ཁུའུ་མན་སི་ཐན་ཕྱོགས་དང་མཉམ་དུ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་གོ་གནས་དང་དབང་གྲགས་བློ་རྩ་བརྟན་པོས་སྲུང་སྐྱོང་དང་སྣེ་མང་རིང་ལུགས་ངོ་མ་ལག་ལེན་དུ་བསྟར་དགོས་ལ། མཉམ་གྲོས་དང་མཉམ་སྐྲུན། མཉམ་སྤྱོད་བཅས་ཀྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་གི་ལྟ་བ་རྒྱུན་འཁྱོངས་བྱས་ཏེ། དྲང་སྙོམས་དྲང་བདེན་དང་སྒོ་འབྱེད་བསྟུན་མཁས་ཀྱི་འདུ་ཤེས་ལ་བརྟེན་ནས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་གི་འཕོ་འགྱུར་ལ་སྣེ་ཁྲིད་བྱེད་དགོས།

པེར་ཏེ་མུའུ་ཧ་མེ་ཏུའོ་ཧྥུའུ་ཡིས་བཤད་རྒྱུར། རླབས་ཆེན་གྱི་ཀྲུང་གོར་འཚམས་འདྲིར་ཡོང་བར་དགའ་སྤྲོ་ཆེན་པོ་སྐྱེས་ཡོད་ལ། ཀྲུང་གོའི་རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་བདེ་བླག་ངང་འཚོགས་ཏེ་བྱ་གཞག་ཁག་གོང་དུ་སྤེལ་བར་ཐབས་ཇུས་དང་བཀོད་སྒྲིག་གལ་ཆེན་གནང་བར་རྟེན་འབྲེལ་ཞུ། ཀྲུང་གོའི་དར་རྒྱས་གོང་འཕེལ་གྱིས་འཛམ་གླིང་ལ་ཕན་པ་ཐོབ་ཡོད། ཀྲུང་གོར་འཕེལ་རྒྱས་ལེགས་པོ་བྱུང་ན། འཛམ་གླིང་ཡང་ཇེ་ལེགས་ཡིན། ཀྲུའུ་ཞི་ཞི་ཅིན་ཕིང་སྐུ་དངོས་ཀྱི་སྐུལ་འདེད་འོག   ཐ་ཀྲུང་མཛའ་འབྲེལ་བརྟན་པོར་འཕེལ་ཡོད་པ་དང་། ཁྲིམས་འཛུགས་ལས་ཁུངས་དང་ཏང་བར་གྱི་འགྲོ་འོང་དམ་ཟབ་ཡིན་ལ།  ཁྱབ་ཁོངས་སོ་སོའི་མཉམ་ལས་ནང་དོན་ཕུན་སུམ་ཚོགས་པས། ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་ཆུ་ཚད་མཐོན་པོར་སླེབས་ཡོད། ཐ་ཀྲུང་མཉམ་ལས་དེ་རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་དགེ་མཚན་ལྡན་པའི་རྒྱུ་རྐྱེན་གལ་ཆེན་ཞིག་ཏུ་གྱུར་ཡོད་པས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་ཡུན་རིང་གི་ཁེ་ཕན་དང་འཚམ། ཐ་ཁུའུ་མན་སི་ཐན་ཕྱོགས་ཀྱིས་སྔར་བཞིན་ཀྲུང་གོ་གཅིག་གི་རྩ་དོན་ལ་བརྩི་སྲུང་ནན་མོས་ཀྲུང་གོ་ཕྱོགས་དང་མཉམ་དུ་འཕེལ་རྒྱས་འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་བསྣན་ཏེ། ནུས་ཁུངས་དང་ཉོ་ཚོང་། མཉམ་འབྲེལ་མཉམ་མཐུད་སོགས་ཁྱབ་ཁོངས་ཀྱི་དངོས་སྒྲུབ་མཉམ་ལས་རྒྱ་བསྐྱེད་དེ།  དར་རྒྱས་གོང་འཕེལ་ཐུན་མོང་སྒོས་ཇུས་འགོད་དང་བདེ་འཇགས་བརྟན་ལྷིང་ཡོང་བར་ཐུན་མོང་སྒོས་སྐུལ་འདེད་གཏོང་འདོད་ཡོད། ཐ་ཁུའུ་མན་སི་ཐན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་ཀྱིས་ཐ་ཁུའུ་མན་སི་ཐན་གྱི་ཡུན་རིང་གི་ལངས་ཕྱོགས་བརྟན་པོར་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཞུ། ཀྲུའུ་ཞི་ཞི་ཅིན་ཕིང་འཛམ་གླིང་རིམ་པའི་གཙོ་འཛིན་ཡིན་པའི་ཆ་ནས་འཛམ་གླིང་གི་གྲོས་འགོ་ཆེ་གྲས་བཞི་བཏོན་པར་ཚད་མཐོའི་གདེང་འཇོག་གནང་བ་དང་། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་སྤྱིའི་ལས་དོན་ཁྲོད་ཐོག་མཐའ་བར་གསུམ་དུ་གཞུང་དྲང་གི་ལངས་ཕྱོགས་འཛིན་པར་བསྟོད་བསྔགས་གནང་། ཐ་ཁུའུ་མན་སི་ཐན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་མཉམ་འབྲེལ་རྒྱལ་ཚོགས་དང་། ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་ལམ་སྲོལ་སོགས་ཕྱོགས་མང་ལས་སྟེགས་ཀྱི་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་བསྣན་ཏེ།  ས་ཁུལ་དང་འཛམ་གླིང་གི་ཞི་བདེ་དང་བརྟན་འཇགས་མཉམ་དུ་སྲུང་སྐྱོབ་བྱེད་འདོད་ཡོད་ཟེར།

ཝང་དབྱི་མཇལ་འཕྲད་ལ་ཞུགས།

རྩོམ་སྒྲིག་པ། : ཁོན་ཐར་འཚོ།