ཀོང་ཏུང་དང་ནང་སོག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ནས། ཡུལ་བབ་དང་བསྟུན་ནས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་བཏང་བ་དང་། འགྲན་རྩོད་ནུས་ཤུགས་སྔར་ལས་ལྡན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་གསོ་སྐྱོང་ཇེ་མགྱོགས་སུ་བཏང་སྟེ། དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་།
ཀོང་ཏུང་གིས་འགྲན་རྩོད་ནུས་ཤུགས་སྔར་ལས་ལྡན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་མགྱོགས་མྱུར་སྒོས་འཛུགས་སྐྲུན་བྱས།
ཉེ་ལམ། ཀོང་ཏུང་གིས་རེས་སྐོར་གསར་པའི་གྲངས་འཛིན་ཅན་གྱི“མུ་ཕྲེང་རྣམ་པའི་སྒྱུར་བཀོད”བྱེད་མགོ་བརྩམས་ནས། ཞིང་ཆེན་ཡོངས་ཀྱི་རྩེད་ཆས་དང་འཕྲུལ་ཆས། རྫས་འགྱུར་བཟོ་ལས་སོགས་སྲོལ་རྒྱུན་ཐོན་ལས་ལ་རིམ་སྤོར་ཇུས་གཞི་ཞིབ་ཕྲ་བཟོས་ཏེ། ཁེ་ལས་ཀྱིས་ཞིབ་འཇུག་གསར་སྤེལ་ཇུས་འགོད་དང་མཁོ་སྤྲོད་མུ་ཕྲེང་དོ་དམ་སོགས་གཙོ་གནད་ལྷུ་ཚིགས་ལ་དམིགས་ནས་གཞི་གྲངས་ཅན་གྱི་རིམ་སྤོར་བྱེད་པར་སྐུལ་འདེད་བཏང་།
གསར་དར་ཐོན་ལས་དང་མ་འོངས་པའི་ཐོན་ལས་ཞིབ་འཇུག་གསར་སྤེལ་ཐད་ཡང་ཐོད་བརྒལ་གསར་པ་བྱུང་། འདི་ལྟ་བུའི་མཐུག་ཚད་ལ་ཧའོ་སྨི0.1ཙམ་ལས་མེད་པའི་རབས་གཉིས་པའི་ཚ་ཚད་མཐོ་བའི་འདྲེན་བརྒལ་ཐགས་རྒྱུའི་ལྟེ་བའི་རྒྱུ་ཆ་ནས་འགག་རྩའི་སྒྲིག་ཆས་བར100%ཡི་རྒྱལ་ཐོན་མངོན་འགྱུར་བྱས་ཏེ།འདྲེན་བརྒལ་གློག་ཐག་དང་ཚོད་འཛིན་ཐུབ་པའི་ཉིང་རྡུལ་འདུས་འགྱུར་སོགས་མ་འོངས་པའི་ཐོན་ལས་ཁྱབ་ཁོངས་སུ་སྤྱོད་རྒྱུ་རེད།
ཀོང་ཏུང་སུང་ཧྲན་མཚེའུ་རྒྱུ་ཆའི་ཚོད་ལྟ་ཁང་གི་ཀྲུའུ་རེན་གཞོན་པ། ཧྥུ་ཡིང་གིས་བཤད་རྒྱུར། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་སྐབས་སུ། ང་ཚོས་མུ་ཕྲེང་ཁེ་ལས་གཙོ་བོ10ལྷག་དང་མཉམ་འབྲེལ་ལས་གྲྭའི་ལྟེ་གནས་མཉམ་སྐྲུན་བྱ་རྒྱུ་ཡིན་ལ། མ་འོངས་ཐོན་ལས་ཁྲོད་ཀྱི་ལྟེ་བའི་ལག་རྩལ་དང་འགག་རྩའི་རྒྱུ་ཆ་སོགས་ལ་དམིགས་ནས་མཉམ་འབྲེལ་འགག་སྒྲོལ་བྱས་ཏེ། ལས་རིགས་ཀྱི་ཞིབ་ཕྲའི་ཉེར་སྤྱོད་དགོས་མཁོ་དང་སྔར་བས་ཟུང་འབྲེལ་དམ་ཟབ་བྱས་ནས་མ་འོངས་ཐོན་ལས་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་རྒྱུ་ཡིན་ཟེར།
《“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”རྩ་གནད》ལས་རིག་ནུས་ཅན་དང་ལྗང་མདོག་ཅན། མཉམ་འདྲེས་ཅན་བཅས་ཀྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། སྔོན་ཐོན་བཟོ་སྐྲུན་ལས་རིགས་རྐང་འཛིན་ཡིན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་དགོས་པ་བཏོན་ཡོད། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”སྐབས་སུ། ཀོང་ཏུང་གིས་གྲངས་རིག་ཅན་གྱི“མུ་ཕྲེང་རྣམ་པའི་སྒྱུར་བཀོད”ལ་བརྟེན་ནས་སྲོལ་རྒྱུན་ཐོན་ལས་ཀྱི་ཚུལ་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་ངེས། དུས་མཚུངས་སུ། མི་ཐབས་རིག་ནུས་སོགས་འགྲན་ལམ་གསར་པའི་ཁྱབ་ཁོངས34རུ་ཤུགས་འདོན་པར་སྐུལ་འདེད་གཏོང་བ་དང་། ལོ་རེར་ཉེར་སྤྱོད་ཡུལ་རྣམ10ཡན་གྱི་མཁོ་སྤྲོད་སྦྲེལ་མཐུད་བྱས་ཏེ། ལག་རྩལ་གསར་པ་དང་ཐོན་རྫས་གསར་པ་རིགས100ལས་བརྒལ་བ་ཐོག་མར་ཚོད་ལྟ་བྱེད་པར་སྐུལ་འདེད་གཏོང་བ་དང་། གསར་དར་འདེགས་སྐྱོར་ཐོན་ལས་མྱུར་དུ་གྲུབ་པར་འཕེལ་རྒྱས་གཏོང་རྒྱུ་ཡིན། རིག་ནུས་མི་གཟུགས་འཕྲུལ་མི་སོགས་འགྲན་ལམ་གསར་པའི་ཁྱབ་ཁོངས19བཀོད་སྒྲིག་བྱས་ཏེ། ཞིང་ཆེན་གྱི་ཚན་རྩལ་གསར་གཏོད་འཐབ་ཇུས་ཀྱི་ཆེད་སྤྱོད་མ་དངུལ་གསུམ་ཆའི་གཅིག་ཡན་བསྟུད་མར་རྨང་གཞིའི་ཞིབ་འཇུག་ཐད་བཏང་ནས། མ་འོངས་པར་ཁ་ཕྱོགས་ནས་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་དང་འགྲན་རྩོད་ཀྱི་དགེ་མཚན་གསར་པ་བསྐྲུན་དགོས།
བཅར་ལན། ཀོང་ཏུང་ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིང་གི་ཐིང་ཀྲང་གཞོན་པ། ཝུའུ་ཧུང་གིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་སྟེང་བསྟན་དོན། སྲོལ་རྒྱུན་གྱི་ཐོན་ལས་ལེགས་སྒྱུར་རིམ་སྤར་དང་། གསར་དར་ཐོན་ལས་གསོ་སྐྱོང་དང་སྟོབས་ཆེར་གཏོང་བ། མ་འོངས་པའི་ཐོན་ལས་ཐད་རྣམ་པ་གསར་བ་འབྱེད་པར་བཀོད་སྒྲིག་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་ཀྱིས་ང་ཚོའི་མ་འོངས་པའི་བྱ་བར་ཁ་ཕྱོགས་གསལ་སྟོན་གནང་ལ། ཀོང་ཏུང་གིས་དངོས་ཕུང་དཔལ་འབྱོར་རྩ་བར་འཛིན་པ་དང་བཟོ་སྐྲུན་ལས་རིགས་གཙོ་བོར་འཛིན་པ་རྒྱུན་འཁྱོངས་བྱས་ནས། དེང་རབས་ཅན་གྱི་ཐོན་ལས་མ་ལག་བརྟན་པོ་ནུས་ཤུགས་ཡོད་རྒུས་བསྐྲུན་ངེས།
ནང་སོག་གིས་ལྗང་མདོག་རྩིས་ཤུགས་ཐོན་ལས་མུ་ཕྲེང་ཡོངས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་།
མིག་སྔར་ནང་སོག་ཏུ། རིག་རྩིས་དང་རྩིས་གློག་མཐུན་སྦྱོར་སོགས་རྨང་གཞིའི་འཛུགས་སྐྲུན་ལས་གྲྭ་གསར་པ་ཁག་ཅིག་མགྱོགས་མྱུར་ངང་དོན་འཁྱོལ་བྱེད་བཞིན་ཡོད། ཧོ་ལིན་ཀེ་ཨེར་ཁུལ་གསར་དུ། རྒྱལ་ཁབ་ཀྱི“ཤར་གྲངས་ནུབ་རྩིས”ཀྱི་འགག་རྩའི་དུས་མཚམས་ཀྱི་གཙོ་གནད་ལས་གྲྭ་སྟེ། ཤར་ཕྱོགས་རྒྱལ་འཕྲིན་གཞི་གྲངས་ལྟེ་གནས་ཀྱི་ལས་གཞི་འཛུགས་སྐྲུན་ལ་མགྱོགས་མྱུར་སྒོས་སྐུལ་འདེད་བཏང་ནས། ཐོག་ཁང་གཉིས་པའི་སྒྲིག་ཆས་མཉམ་འབྲེལ་ལེགས་སྒྲིག་དང་མ་ལག་ལྟ་ཞིབ་ཚད་ལེན་སོགས་མཇུག་བསྡུའི་བྱ་བ་སྤེལ་བཞིན་ཡོད།
ནང་སོག་ཤར་ཕྱོགས་རྒྱལ་འཕྲིན་ཚན་རྩལ་ཚད་ཡོད་ཀུང་སི་གཏོང་སྤྲོད་པུའུ་ཡི་སྤྱི་ཁྱབ་ལྟ་སྐུལ་བ་གཞོན་པ། སུན་ཅུན་གྱིས་བཤད་རྒྱུར། ལས་གཞི་དེ་བསྐྲུན་རྗེས་རིག་རྩིས་ནུས་པ་ཆིག་འབུམ་ལ་སླེབས་ཏེ། ཧྭ་བྱང་གི་གཞི་ཁྱོན་སྔོན་ཐོན་གྱི་གཤེར་གྲང་རིག་རྩིས་ཀྱི་རྟེན་གཞི་ཞིག་ཏུ་གྱུར་ནས།རྩིས་གློག་མཐུན་སྦྱོར་དང་ལྗང་གློག་ཐད་ཀར་མཁོ་འདོན་བྱ་ངེས་ཡིན་ཟེར།
《“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”རྩ་གནད》ལས་རྩིས་ཤུགས་རྩི་ཐབས་ཀྱི་གཞི་གྲངས་ནུས་མཐོའི་ངང་མཁོ་འདོན་བྱེད་པར་ཤུགས་སྣོན་དགོས་པ་བཏོན་ཡོད། ཁ་ཕྱོགས་དེར་དམིགས་ནས། ནང་སོག་གིས་རླུང་གློག་སོགས་ལྗང་གློག་གི་ཐོན་ཁུངས་དགེ་མཚན་འདོན་སྤེལ་གང་ལེགས་བྱས་ཤིང་། རྒྱལ་ཁབ་ཀྱི་རྩིས་ཤུགས་འགག་རྩའི་དུས་མཚམས་ཀྱི་གྲས་ཡིན་པའི་འཐབ་ཇུས་ཀྱི་གོ་སྐབས་དམ་འཛིན་བྱས་ཏེ། མཁར་སྔོན་པོ་དང་ཝུའུ་ལན་ཁྲ་པུའུ་སོགས་སུ་སྤྱི་ཁྱབ་པུའུ་རིམ་པ་དང་ཚན་ཞིབ་རིམ་པའི་ལྗང་མདོག་རྩིས་ཤུགས་ལས་གཞི་ཁག་ཅིག་བཀོད་སྒྲིག་བྱས་པ་མ་ཟད། ཅི་ཝ(GW)རིམ་པའི་རྩིས་ཤུགས་གླིང་ཁུལ་འཛུགས་པར་གྲ་སྒྲིག་བྱས་ནས། ད་ལོའི་ལོ་མཇུག་ཏུ་སླེབས་སྐབས་ཁུལ་ཡོངས་ཀྱི་རྩིས་ཤུགས་སྤྱིའི་གཞི་ཁྱོན་ལྡབ་གཅིག་འཕར་པར་བརྩོན་ལེན་བྱ་རྒྱུ་རེད། དུས་མཚུངས་སུ། ཉིང་ལྷེབ་བཟོ་སྐྲུན་དང་ཞབས་ཞུ་འཕྲུལ་ཆས་ཐོན་སྐྱེད། རྩིས་ཤུགས་འཁོར་སྐྱོད་སྲུང་སྐྱོང་སོགས་སྟོད་སྨད་རྒྱུད་ཀྱི་ཁེ་ལས་ཁག་ཅིག་མགྱོགས་མྱུར་སྒོས་གཅིག་སྡུད་བྱས་ཏེ། རྩིས་ཤུགས་ཞབས་ཞུ་དང་རྩིས་ཐབས་སྦྱོང་བརྡར། གཞི་གྲངས་ལས་སྣོན་བཅས་མཐུན་སྦྱོར་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་སྟེ། རྩིས་ཤུགས་ཞབས་ཞུ་དང་རིག་ནུས་བཀོལ་སྤྱོད་སོགས་གཞི་གཅིག་ཏུ་འདུས་ཡོད་པའི་མི་ཐབས་རིག་ནུས་ཐོན་ལས་ཀྱི་སྐྱེ་ཁམས་བསྐྲུན་ངེས།
ནང་སོག་རང་སྐྱོང་ལྗོངས་སྲིད་དོན་ཞབས་ཞུ་དང་གཞི་གྲངས་དོ་དམ་ཅུས་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་ཁྲུའུ་ཡི་ཁྲུའུ་ཀྲང་། ཀྲང་ལེ་ཡིས་བཤད་རྒྱུར། ད་ལོའི་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་སྟེང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་རྒྱུ་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་དཔལ་འབྱོར་གྱི་འགྲན་རྩོད་ནུས་པ་ཇེ་ཆེ་རུ་གཏོང་རྒྱུའི་ངོས་ནས་བརྗོད་ན་གལ་འགངས་ཤིན་ཏུ་ཆེ་བ་བསྟན་ཡོད། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅིས་ཁྲིད་སྟོན་གནང་བའི་ཁ་ཕྱོགས་ལྟར། རྒྱལ་ཡོངས་གཞི་གཅིག་ཅན་གྱི་རྩིས་ཤུགས་དྲ་བར་མཉམ་འདྲེས་བྱེད་པ་ཇེ་མགྱོགས་སུ་བཏང་ནས། ལྗང་མདོག་རྩིས་ཤུགས་བེད་སྤྱོད་རྣམ་པ་རྒྱུན་ཆད་མེད་པར་རྒྱ་ཆེར་བཏང་སྟེ། སྤུས་ཚད་མཐོ་བའི་ལྗང་མདོག་རྩིས་ཤུགས་ཀྱིས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བར་ཞབས་འདེགས་ཞུ་ངེས་ཡིན་ཟེར།