སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱེད་རྒྱུ་ནི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་སྤྱི་ཡོངས་དང་མི་དམངས་མང་ཚོགས་ཀྱི་ཁེ་ཕན་གཙོ་བོ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་འཕེལ་རིམ་བཅས་དང་འབྲེལ་བ་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱེད་པའི་ཐད་རྒྱས་བཤད་གལ་ཆེན་རབ་དང་རིམ་པ་གནང་ཞིང་།“སྲིད་འབྲས་སུའི་དོན་དུ་འཛུགས་པ་དང་སྲིད་འབྲས་ཅི་འདྲ་ཞིག་འཛུགས་པ། ཅི་ཞིག་ལ་བརྟེན་ནས་སྲིད་འབྲས་འཛུགས་པ”སོགས་ཀྱི་གནད་དོན་གལ་ཆེན་ཐད་གསལ་བཤད་ཟབ་མོ་གནང་ཡོད་ལ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་མི་དམངས་ཀྱི་ཆེད་དུ་སྲིད་འབྲས་འདོན་པ་དང་དངོས་སྒྲུབ་ལ་བརྟེན་ནས་སྲིད་འབྲས་བཏོན་ཏེ། རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་ལེའུ་གསར་པ་འབད་པས་རྩོམ་པར་ཁྲིད་སྟོན་དང་སྐུལ་མ་གནང་།
མིག་སྔར། ཏང་ཡོངས་ཀྱིས་སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱེད་པའི་སློབ་སྦྱོང་སློབ་གསོ་སྤེལ་བཞིན་ཡོད་ལ། དེ་ནི་ད་ལོའི་ཏང་འཛུགས་སྐྱོང་གི་ལས་འགན་གལ་ཆེན་ཞིག་རེད། 2026ལོའི་ཟླ1པོའི་ཚེས20ཉིན། ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པ་གཙོ་བོས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཆེད་དོན་ཞིབ་བསྡུར་འཛིན་གྲྭ་བསྡུས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱེད་པར་དོན་དངོས་གཞིར་འཛིན་དགོས་པ་དང་ཆོས་ཉིད་ལྟར་བྱ་བ་བསྒྲུབ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། རང་རྟོགས་ཀྱིས་མི་དམངས་ཀྱི་ཆེད་དུ་སྲིད་འབྲས་འདོན་པ་དང་དངོས་སྒྲུབ་ལ་བརྟེན་ནས་སྲིད་འབྲས་འདོན་དགོས།” ཞེས་སློབ་སྟོན་གལ་ཆེན་གནང་།
སྲིད་འབྲས་སུའི་དོན་དུ་འཛུགས་པ་དང་སྲིད་འབྲས་ཅི་འདྲ་ཞིག་འཛུགས་པ། ཅི་ཞིག་ལ་བརྟེན་ནས་སྲིད་འབྲས་འཛུགས་པ་བཅས་ནི་ཐོག་མའི་བསམ་འདུན་དང་ལས་འགན་གྱི་དྲི་གཞི་ཡིན་ལ། དུས་རབས་དང་ལག་ལེན་གྱི་དྲི་གཞི་ཡང་ཡིན།
ལོ་ངོ་ཉི་ཤུ་ལྷག་གི་སྔོན་ལ། སྐབས་དེར་ཀྲེ་ཅང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའི་འགན་བཞེས་པའི་བློ་མཐུན་ཞི་ཅིན་ཕིང་གིས་ང་ཚོ་འགོ་ཁྲིད་ལས་བྱེད་པ་རྣམས་ཀྱིས་རྒྱུན་དུ་ཏང་ལ་ཞུགས་དོན་ཅི་ཡིན་པ་དང་དཔོན་གནས་འཁུར་ནས་ཅི་ཞིག་སྒྲུབ་དགོས་པ། མི་དམངས་དང་རྗེས་རབས་པར་ཅི་ཞིག་བསྐྱུར་དགོས་པའི་སྐོར་གྱི་གསུངས་ཚིག་ཅིག་བྲིས་ཡོད་པ་དང་། སྲིད་འབྲས་ལྟ་བར་བཏོན་པའི་གསུངས་ཚིག་དེ་ནི་དངོས་ནས་གོ་བསྐོན་བློ་འགུག་གི་དྲི་གཞི་ཞིག་རེད།
ས་གནས་སུ་ལས་འགན་ཁུར་བ་ནས་ཀྲུང་དབྱང་དུ་ལས་དོན་སྒྲུབ་པའི་བར་བློ་མཐུན་ཞི་ཅིན་ཕིང་གིས་ཐོག་མཐའ་བར་གསུམ་དུ“མི་དམངས་ཀྱི་དོན་དུ་ལས་དོན་དངོས་བསྒྲུབ་རྒྱུ”དེ་སྲིད་འབྲས་ལྟ་བའི་རྨང་གཞི་བརྟན་པོ་ཞིག་ཏུ་བརྩིས་ཡོད།
2012ལོའི་ཟླ11པར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིར་བདམས་ཐོན་བྱུང་བའི་ཞི་ཅིན་ཕིང་གིས་རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པར་མཇལ་འཕྲད་གནང་སྟེ། “མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་རེ་སྨོན་བྱེད་པ་ནི་ང་ཚོའི་འབད་འཐབ་ཀྱི་དམིགས་འབེན་ཡིན”ཞེས་གསུངས་པ་དེ་དུས་རབས་གསར་པའི་ཀྲུང་གོ་གུང་ཁྲན་ཏང་མིའི་ཆེས་བརྗིད་ཉམས་ལྡན་པའི་དམ་བཅའ་ཞིག་ཏུ་གྱུར་ཡོད།
དུས་རབས་གསར་པ་ནས་བཟུང་། བྱིས་པར་སྐྱོང་མཁན་ཡོད་པ་དང་སློབ་ལ་འཁྲིད་མཁན་ཡོད་པ། ངལ་རྩོལ་ལ་ཐོབ་ཆ་ཡོད་པ། ནད་ལ་སྨན་བཅོས་ཐུབ་པ། རྒས་དུས་འཚོ་རྟེན་ཡོད་པ། གཞིས་ཆགས་པར་སྡོད་ཁང་ཡོད་པ། ཉམས་ཆུང་ལ་རོགས་སྐྱོར་ཡོད་པ་སོགས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ང་ཚོར་ཐོབ་པའི་ཐོག་མའི་གསར་སྐྲུན་རང་བཞིན་གྱི་བསམ་བློ་དང་འཕོ་འགྱུར་རང་བཞིན་གྱི་ལག་ལེན། མཁྲེགས་གཏོར་རང་བཞིན་གྱི་འཕེལ་རྒྱས། མཚོན་རྟགས་རང་བཞིན་གྱི་གྲུབ་འབྲས་བཅས་ཡོད་ཚད་ཀྱིས་བརྗིད་ཉམས་ལྡན་ལ་བབ་ཆགས་ཀྱང་ཡིན་པའི་དམིགས་འབེན་ཏེ། མང་ཚོགས་ལ་འཚོ་བ་སྔར་ལས་སྐྱིད་པོ་རོལ་ཏུ་བཅུག་པ་ར་སྤྲོད་བྱས་ཡོད།
ཀྲུང་གོ་མི་དམངས་སློབ་ཆེན་ཀྲུང་གུང་ཏང་གི་ལོ་རྒྱུས་ཏང་འཛུགས་སྐྱོང་ཞིབ་འཇུག་ཁང་གི་ཡོན་ཀྲང་གཞོན་པ། དགེ་རྒན་ཆེན་མོ་ཧོ་ཧུའུ་ཧྲེང་གིས་བཤད་རྒྱུར། མི་དམངས་བླ་ན་མེད་པ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྲིད་སྐྱོང་ལག་ལེན་ཁྲོད་ཀྱི་ཆེས་མངོན་གསལ་ལྡན་པའི་ཁྱད་ཆོས་རེད། སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱེད་པའི་དོན་སྙིང་གཙོ་བོ་ནི་དམངས་ཀྱི་ཆེད་དུ་ཡིན། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་རྣམས་ཀྱིས་དམངས་ལ་བདེ་སྐྱིད་བསྐྲུན་པའི་བྱ་སྤྱོད་ཁྲོད་སྲིད་འབྲས་གསར་སྐྲུན་དང་དམངས་བློ་བསྡུ་ལེན་བྱེད་པར་ཁྲིད་སྟོན་བྱས་ཏེ་ཏང་གི་སྲིད་སྐྱོང་རྨང་གཞི་ཇེ་བརྟན་དུ་གཏོང་དགོས།
ལོ་རྒྱུས་དང་ལག་ལེན་གྱི་ཞིབ་བཤེར་ཐེག་ཐུབ་པའི་སྲིད་འབྲས་དེ་ཐོག་མཐའ་བར་གསུམ་དུ“བརྟག་དཔྱད་ཞིབ་འཇུག་ལ་བརྟེན་ནས་ལམ་གཏོད་པ”དང་། “དོན་དངོས་གཞིར་འཛིན་པའི”རྨང་གཞིའི་ཐོག་འཛུགས་དགོས།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་དང་ཕྱོགས་ཡོངས་ནས་བཅོས་སྒྱུར་ཟབ་སྤེལ་བྱེད་པ་སོགས་ཀྱི་ཐབས་ཇུས་དང་བཀོད་སྒྲིག་གལ་ཆེན་ནམ། ཡང་ན་ལོ་ལྔའི་འཆར་འགོད་རེ་རེའི་ཞིབ་བཟོ་གང་ཡིན་ཡང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐུ་དངོས་སུ་ལས་ཡུལ་དང་པོར་ཟབ་ཞུགས་བྱས་ནས་བརྟག་དཔྱད་ཞིབ་འཇུག་གནང་བ་རེད། ལོ་ངོ་བཅུ་ལྷག་གི་རིང་ལ། སྤྱི་ཁྱབ་ཧྲུའུ་ཅིའི་གཟིགས་ཞིབ་མཛད་རྗེས་དག་ལེ་བར་ཁྲི་སྟོང་གིས་ཆོད་པའི་རི་ཀླུང་ཀུན་ལ་ཁྱབ་ཅིང་། གཟིགས་རྒྱང་རིང་ཞིང་མྱུར་དུ་བརྩོན་ལེན་བྱེད་པའི་བརྗིད་ཉམས་ཆེ་བའི་འཆར་གཞི་རེ་རེ་རི་མོར་ཕབ་ཡོད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུངས་རྒྱུར། ང་ཚོས་དབུལ་སྐྱོར་དམ་འཛིན་བྱེད་སྐབས་འབོད་ཚིག་ཆེན་པོ་སྒྲོག་མི་རུང་ལ། མངོན་འགྱུར་བྱེད་དཀའ་བའི་དམིགས་འབེན་ཡང་གཏན་འཁེལ་བྱེད་མི་རུང་། དབུལ་སྐྱོར་མཁྲེགས་གཏོར་ནི་དངོས་ཐོག་བདེན་འཚོལ་ཡིན་དགོས་པ་དང་། ཡུལ་བབ་དང་བསྟུན་ཞིང་རིགས་དབྱེ་མཛུབ་སྟོན། གནད་ཁེལ་དབུལ་སྐྱོར་བཅས་བྱེད་དགོས།
དབུལ་ཕོངས་ཀྱི་རྩ་བ་བཙལ་ཏེ་ཆེད་དམིགས་ཀྱི་བྱེད་ཐབས་སྤྱོད་པ་ནས། ཐོན་ལས་དར་རྒྱས་ལ་སྐུལ་འདེད་བཏང་སྟེ་ཡུལ་ཐོན་ཁྱད་ལྡན་ཐོན་རྫས་ཞེས་པར་བསམ་གཞིག་ཟབ་མོ་གཏོང་བའི་བར་དང་། གྲོང་ཁྱེར་འཆར་འགོད་བྱེད་པར“རི་མོ་ལྟར་འཆར་གཞི་འགོད་པ”དང་དམིགས་བསལ་དུ་ཡོད་པའི་གཞི་རྒྱུ་ཉར་བ་ནས་ཡུལ་བབ་དང་བསྟུན་ཏེ་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བའི”བར། བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱས་པའི་རྨང་གཞིའི་སྟེང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ས་གནས་ཁག་དང་ཁྱབ་ཁོངས་ཁག་འཕེལ་རྒྱས་གཏོང་བར་ཁ་ཕྱོགས་གསལ་སྟོན་གནང་བ་དང་། ཁོང་གིས་ཡང་དང་བསྐྱར་དུ“སྟབས་བདེའི་ངང་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་འཕར་ཚད་ལ་བརྟེན་ནས་དཔའ་བོ་ཡིན་མིན་གླེང་མི་རུང་། ” ཞེས་མཛུབ་སྟོན་གནང་ཞིང་།ཁུལ་ཁོངས་འཕེལ་རྒྱས་ལ་འཆར་འགོད་བྱེད་སྐབས། ཁོང་གིས་ས་ཁུལ་དེའི་དོན་དངོས་དང་འཚམ་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་དགོས་པའི་བླང་བྱ་བཏོན།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་སྤྱི་ཡོངས་གཉིས་ལ་གཅིག་གྱུར་འཆར་འགོད་བྱས་ཏེ་ཐབས་ཇུས་བཀོད་སྒྲིག་གལ་ཆེན་རབ་དང་རིམ་པ་གནང་བར“དོན་དངོས་གཞིར་འཛིན་རྒྱུ་རྒྱུན་འཁྱོངས་དང་ཆོས་ཉིད་ལྟར་ལས་དོན་སྒྲུབ་པའི”བློ་གྲོས་དང་གཟིགས་རྒྱང་གིས་ཡོངས་སུ་ཁྱབ་པར་བྱས་ཡོད།
སྙིང་རུས་རྒྱུན་འཁྱོངས་དང་། དངོས་སྒྲུབ་ལ་བརྟེན་ནས་སྲིད་འབྲས་ཐོན་པར་བྱེད་དགོས། “འཕྲལ་ཕན་འཕྲལ་གཉེར”སོགས་ཀྱི་སྲིད་འབྲས་ལྟ་བ་ནོར་འཁྲུལ་ཅན་ལ་དམིགས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྲིད་འབྲས་ལྟ་བ་དེ་དུས་ཐོག་ཏུ་ཕན་འབྲས་ཐོན་པའི་མངོན་གསལ་གྲུབ་འབྲས་ལས་མཚོན་ཡོད་ལ། རྨང་གཞི་འདིང་བ་དང་གཏིང་ཤུགས་ཆེ་རུ་གཏོང་བ། ཡུན་ཕན་བཅས་ཀྱི་མངོན་མེད་གྲུབ་འབྲས་ལས་ཀྱང་མཚོན་ཡོད།སྲིད་འབྲས་ལྟ་བ་ཡང་དག་འཛུགས་དགོས་ན་བྱས་རྗེས་ལ་ཐོབ་རྩོད་མི་བྱེད་པའི་བསམ་བློའི་གོ་རྟོགས་དང་། བྱས་རྗེས་འཇོག་པར་ང་ཡོད་པའི་ལོ་རྒྱུས་ཀྱི་འགན་འཁྲི་ཡོད་དགོས་པ་དང་། གཟེར་འདེབས་སྙིང་སྟོབས་དར་སྤེལ་བཏང་ནས་ཏན་ཏིག་གིས་བྱ་བ་སྒྲུབ་དགོས།
འཆར་གཞི་གཅིག་ལག་བསྟར་གཏིང་ཟབ་བྱས་ཏེ་གཅིག་རྗེས་གཉིས་མཐུད་ཀྱིས་བསྒྲུབ་དགོས། དུས་རབས་གསར་པ་ནས་བཟུང་། རང་རྒྱལ་གྱི་དཔལ་འབྱོར་བསྡོམས་འབོར་རྒྱུན་ཆད་མེད་པར་སྐས་རིམ་གསར་པར་སླེབས་པ་དང་། 2025ལོར་མ་དངུལ་སྒོར་རབ་བཀྲམ་ཆེན་མོ་གཅིག་དང་རབ་བཀྲམ་བཞི་ལས་བརྒལ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཐད་གཞུང་ལུགས་ནས་ལག་ལེན་བར་གྱི་ལོ་རྒྱུས་རང་བཞིན་དང་འགྱུར་ལྡོག་རང་བཞིན། ཁྱོན་ཡོངས་རང་བཞིན་བཅས་ཀྱི་འགྱུར་ལྡོག་བྱུང་ཞིང་། དམག་དཔུང་སྟོབས་ལྡན་དུ་གཏོང་བའི་ལས་དོན་གོམ་སྟབས་ཆེན་པོས་མདུན་དུ་བསྐྱོད་དེ། འཛམ་གླིང་གི་དམག་དཔུང་རྩེ་གྲའི་ཕྱོགས་སུ་སྐྱོད་པའི་གོམ་སྟབས་ལ་འགོག་ཐབས་བྲལ། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དེ་གསར་གཏོད་རང་བཞིན་གྱི་ཚུལ་སྒྱུར་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་ཁྲོད་སྐྱེ་སྟོབས་དང་གསོན་ཤུགས་གསར་པ་རྒྱས་བཞིན་ཡོད། རླབས་ཆེན་གྱི་ལས་དོན་རེ་རེས་མིག་སྔར་ལ་རྐང་བཙུགས་ཤིང་ཕུགས་ལ་དམིགས་ནས་ཀྲུང་ཧྭ་མི་རིགས་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་བར་འགན་ལེན་བྱེད་བཞིན་ཡོད།
ཀྲུང་དབྱང་ཏང་གི་སློབ་གྲྭའི་ཚན་ཞིབ་པུའུ་ཡི་ཀྲུའུ་རེན་གཞོན་པ། དགེ་རྒན་ཆེན་མོ་ཧུང་ཞང་ཧྭ་ཡིས་བཤད་རྒྱུར། སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱེད་པར་དམིགས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉམས་ལེན་འབད་སྒྲུབ་དང་སྣེ་ཁྲིད་དཔེ་སྟོན་བྱས་ཏེ།རྒྱ་ཆེའི་ཏང་ཡོན་ལས་བྱེད་པར་མིག་དཔེ་དང་ཚད་ཤིང་བཙུགས་ཡོད། སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱེད་པའི་སློབ་སྦྱོང་སློབ་གསོ་སྤེལ་བ་ནི། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་སྤྱི་དོན་དུ་ཏང་འཛུགས་པ་དང་དམངས་དོན་དུ་བདེ་སྐྱིད་བསྐྲུན་པ། ཚན་རིག་དང་མཐུན་པའི་ཇུས་ཐག་གཅོད་པ། དམ་པ་དོན་གཉེར་བཅས་མཐའ་འཁྱོངས་བྱེད་པ་དང་། “གཏན་ཕབ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ལེགས་པོར་སྒྲུབ་ཏེ། ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་དེ་ལག་ལེན་དང་མི་དམངས། ལོ་རྒྱུས་བཅས་ཀྱི་ཞིབ་བཤེར་ཐེག་ཐུབ་པའི་ཕན་འབྲས་བཟང་བོར་འགྱུར་བར་བྱེད་དགོས།
གོམ་སྟབས་ཆེན་པོས་ལོ་ལྔའི་འཆར་འགོད་བཅོ་ལྔ་པར་བསྐྱོད་དགོས་པ་དང་། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོའི་འོག དུས་རབས་གསར་པའི་ཀྲུང་གོ་གུང་ཁྲན་ཏང་མིས་ཡིད་ཆེས་བརྟན་པོ་དང་དངོས་སྒྲུབ་ལག་བསྟར་བྱེད་དགོས་ལ། སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱེད་དགོས་པར་མ་ཟད།སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ནན་མོ་གཏོང་བ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་བཏང་ན་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་གི་ལེའུ་གསར་པ་རྩོམ་ཐུབ་ངེས་ཡིན།