ཟླ3པའི་ཚེས19ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ནས་ཤེས་རྟོགས་བྱུང་བ་ལྟར་ན། ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་དང་ཞིང་ཆེན་འཛད་སྤྱོད་པའི་མཐུན་ཚོགས་ཀྱིས་འཛད་སྤྱོད་ཁེ་དབང་སྲུང་སྐྱོང་གི་དཔེ་མཚོན་གྱོད་དཔེ་ཁག་ཅིག་གཅིག་སྡུད་ཐོག་ཁྱབ་བསྒྲགས་བྱས་པ་དང་། དམངས་འཚོའི་ཐད་འཛད་སྤྱོད་བྱེད་མང་བའི་གནད་དོན་ལ་དམ་པོར་དམིགས་ཏེ། “གྱོད་གཞིར་བརྟེན་ནས་ཉེན་བརྡ་གཏོང་བ་དང་གྱོད་གཞིར་བརྟེན་ནས་བཅའ་ཁྲིམས་ཁྱབ་གདལ་གཏོང་བ”བཅས་བྱས་ཏེ། ནུས་ཤུགས་ཡོད་རྒུས་དྲང་གཞག་དང་བློ་བདེའི་འཛད་སྤྱོད་ཀྱི་འགོག་སྲུང་འཛིང་རགས་བརྟན་པོ་བསྐྲུན་ནས་རྒྱུན་མཐུད་ངང་འཛད་སྤྱོད་ཀྱི་ཡིད་ཆེས་འཕེལ་བར་བྱས་ཡོད།
ད་ཐེངས་ཁྱབ་བསྒྲགས་བྱས་པའི་གྱོད་དཔེ་ནི་གསེར་གྱི་རྒྱན་ཆ་དང་། ཁྱིམ་ཆས་རྒྱུ་ཆ། ནར་མ་སོན་པའི་མིའི་འཛད་སྤྱོད་། སྣུམ་སྣོན་ས་ཚིགས་གཉེར་སྐྱོང་། ཚོགས་ཉོ་ཞབས་ཞུ། དྲིལ་སྒྲོག་རྫུན་མ། རིག་གནས་ཡུལ་སྐོར་ར་བ། མགྲོན་ཁང་གི་ཞག་སྡོད། བཟའ་བཏུང་ཞབས་ཞུ། རླངས་འཁོར་ཞིག་གསོ་བཅས་ཁྱབ་ཁོངས་ཆེན་པོ་བཅུ་ལ་ཁྱབ་ཡོད་པ་དང་། གསེར་ཉམས་གསོའི་ཟད་གྲོན་དང་། ཁྱིམ་ཆས་ཀྱི་ཆེ་ཆུང་རིང་ཐུང་མི་མཐུན་པ། ནར་མ་སོན་པའི་མི་ལ་འཕྲུལ་ཆས་བཙོང་བ། བཙན་གྱིས་འགྲེམ་འཚོང་བྱེད་པ། ཚོགས་ཉོ་འཛིན་ཤོག་མི་སྤྱོད་པ། “རིན་མེད་འཕྲུལ་སྟེར”གྱི་འཇམ་ཁྲིད་ཀྱིས་རིན་སྤྲོད་པ། ར་བ་དྲིལ་སྒྲོག་རྫུན་མ་བྱེད་པ། མགྲོན་ཁང་གིས་རང་དགར་གོང་སྤར་བ། ཞབས་ཞུ་ཚད་ལྡན་མིན་པ། ཉམས་གསོའི་གླ་རིན་གང་བྱུང་བསྡུ་བ་སོགས་ཀྱི་མངོན་གསལ་དོད་པའི་ཟང་ཟིང་ལ་གནད་འཁེལ་རྡུང་རྡེག་བྱས། ཁྲོམ་ར་ལྟ་སྐུལ་དོ་དམ་སྡེ་ཁག་དང་འཛད་སྤྱོད་མཐུན་ཚོགས་ཀྱིས་མགྱོགས་མྱུར་ཞིབ་དཔྱད་དང་ཁྲིམས་ལྟར་འདུམ་འགྲིག འབྲེལ་ཡོད་ཚོང་པས་རིན་སློག་དག་ཐེར་དང་འགན་འཁྲི་སྒྲུབ་པ་དང་འགན་འཁྲི་འཁུར་བར་སྐུལ་འདེད་བྱས་ཏེ་འཛད་སྤྱོད་པའི་གནས་ཚུལ་ཤེས་དབང་དང་། རང་བདག་གིས་གདམ་གསེས་བྱེད་དབང་། འདྲ་མཉམ་ཉོ་འཚོང་བྱེད་དབང་བཅས་སྲུང་སྐྱོང་ཏན་ཏིག་བྱས།
གྱོད་དཔེ་ལ་བརྟེན་ནས་རྒྱ་ཆེའི་གཉེར་སྐྱོང་བྱེད་པོས་ཁ་དན་ཚིག་གནས་ཀྱི་ཚད་མཐའ་དམ་སྲུང་ནན་མོ་བྱེད་པ་དང་། ཁྲིམས་ལྟར་ཁ་ཆད་ལག་བསྟར་དང་འགན་འཁྲི་སྒྲུབ་པ། ཁྱོན་ཡོངས་ནས་ཚད་ལྡན་ངང་གསལ་བཤད་བྱེད་པ། ཞབས་ཞུའི་སྤུས་ཚད་མཐོར་འདེགས་གཏོང་བ་བཅས་ཀྱི་ཉེན་བརྡ་བཏང་། འཛད་སྤྱོད་པས་ཁེ་དབང་སྲུང་བའི་འདུ་ཤེས་ཆེ་རུ་གཏོང་བ་དང་འཛད་སྤྱོད་དཔང་འཛིན་འོས་འཚམ་གྱིས་ཉར་འཇོག་བྱེད་པ། དབང་གནོད་བྱ་སྤྱོད་བྱུང་དུས་དུས་ཐོག་ཏུ12315ལ་ཁ་པར་བཏང་ནས་ཁེ་དབང་སྲུང་སྐྱོང་བྱེད་དགོས་པའི་དྲན་སྐུལ་བྱས། ཞིང་ཆེན་ཡོངས་ཀྱི་ཁྲོམ་ར་ལྟ་སྐུལ་དོ་དམ་སྡེ་ཁག་གིས་རྒྱུན་མཐུད་ངང་ལྟ་སྐུལ་དོ་དམ་གྱི་དྲ་རྒྱ་ཚགས་དམ་དུ་བཏང་བ་དང་། ཁེ་དབང་སྲུང་སྐྱོང་གི་ལམ་སྲོལ་འཐུས་ཚང་དུ་བཏང་བ། ཁྲིམས་བསྟར་ནན་མོར་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྲུང་སྐྱོང་བྱས་ཏེ། བདེ་འཇགས་བློ་བདེ་དང་། ཡིད་རྟོན་ཚད་ལྡན། གསོན་ཤུགས་ཀྱིས་ཁེངས་པ་བཅས་ཀྱི་འཛད་སྤྱོད་ཁྲོམ་རའི་ཁོར་ཡུག་མགྱོགས་མྱུར་བསྐྲུན་རྒྱུ་དང་། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རོགས་རམ་བྱེད་ཆེད་ཁྲིམས་སྐྱོང་གི་འགན་སྲུང་བརྟན་པོ་འདོན་སྤྲོད་བྱས།