ན་གོར་མོ་གྲོང་ཁྱེར་གྱིས་མ་དངུལ་སྒོར་དུང་ཕྱུར་བཞི་དང་བྱེ་བ་བརྒྱད་བཏང་ནས2026ལོའི་དམངས་འཚོའི་བཟོ་སྐྲུན་ལག་བསྟར་བྱས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ད་ལོར།   མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ན་གོར་མོ་གྲོང་ཁྱེར་གྱིས་མ་དངུལ་སྒོར་དུང་ཕྱུར་བཞི་དང་བྱེ་བ་བརྒྱད་བཏང་ནས2026ལོའི་དམངས་འཚོའི་བཟོ་སྐྲུན་གལ་ཆེན་དང་དམངས་ཀྱི་ཆེད་དུ་དོན་དངོས་སྒྲུབ་པའི་ལས་གཞི་ལག་བསྟར་བྱེད་རྒྱུ་ཡིན་པ་དང་།   དེ་ལས་ཞུགས་དང་སློབ་གསོ།  རྒན་གསོ།   སྨན་བཅོས།    གྲོང་ཁྱེར་གསར་སྒྱུར་སོགས་དམངས་འཚོའི་ཁྱབ་ཁོངས་བཅུ་བཞིར་ཁེབས་ཡོད་ལ།    གནད་ཕིགས་དངོས་གཉེར་གྱི་བྱེད་ཐབས་ལ་བརྟེན་ནས་མང་ཚོགས་ཀྱི་བྲེལ་དཀའ་ཁྲལ་སྒུག་གི་གནད་དོན་ཐག་གཅོད་རྒྱུ་རེད།

ཐེངས་འདིའི་དམངས་འཚོའི་ལས་གཞི་དག་དགོས་མཁོ་དམངས་ལ་འདྲི་བའི་ལག་ལེན་ལས་བྱུང་བ་རེད།   2025ལོའི་ཟླ10པའི་ཚེས24ཉིན།   ན་གོར་མོ་གྲོང་ཁྱེར་གྱིས་ལས་གཞི་བསྡུ་རུབ་བྱ་བའི་འགོ་བརྩམས་པ་དང་།   སྐོར་ཐེངས་གཉིས་ཀྱི་བསྡུ་རུབ་བྱེད་ཐབས་སྤྱད་ནས་དྲ་ལམ་ནས་སྐད་འཇོག་པ་དང་ཡུལ་དངོས་ནས་བཞུགས་མོལ་བྱེད་པ།   གཞི་རིམ་དུ་འཚམས་འདྲི་བྱེད་པ་སོགས་ཀྱི་རྣམ་པ་བརྒྱུད་དེ་མི་དམངས་ཀྱི་སེམས་འདུན་ལ་ཉན་པ་རེད།   བསྡོམས་རྩིས་བྱས་པ་ལྟར་ན།   ལས་གཞི་བསྡུ་རུབ་བྱ་བར་བསྡོམས་པས་བསམ་འཆར་དང་གྲོས་གཞི་ཞེ་བདུན་འབྱོར་བ་དང་།   ལས་ཞུགས་རོགས་སྐྱོར་དང་སྡོད་ཁང་རྙིང་བ་བསྒྱུར་བཀོད།   སྤུས་ལེགས་ལྟ་སྐྱོང་ཞབས་ཞུ་སོགས་ཁྱབ་ཁོངས་མང་པོ་འབྲེལ་ཡོད་ལ།   དེ་དག་ལས་གཞིར་འཆར་འགོད་བྱེད་པའི་གཞི་འཛིན་ས་གལ་ཆེན་ཞིག་ཏུ་གྱུར།

དམངས་ཀྱི་འདོད་བློ་བསྡུ་ལེན་གང་ལེགས་བྱེད་པའི་རྨང་གཞིའི་སྟེང་།   ན་གོར་མོ་གྲོང་ཁྱེར་གྱིས་གང་ཐུབ་ཅི་ཐུབ་དང་རང་ནུས་ཅི་ལྕོགས་ཀྱི་རྩ་དོན་བརྩི་བསྲུང་བྱས་ནས་ཞིབ་འཇུག་དང་གདམ་གསེས་ཐེངས་མང་བྱས་པ་བརྒྱུད་མཇུག་མཐར་ལས་གཞི་རིགས་བཅུ་བཞི་གཏན་འཁེལ་བྱས་པ་རེད།

དམངས་འཚོའི་ཁྱབ་ཁོངས་སུ་སྤྱིའི་མ་དངུལ་སྒོར་དུང་ཕྱུར་བཞི་དང་བྱེ་བ་བརྒྱད་བཏང་བ་དང་།  དེའི་ནང་མ་དངུལ་སྒོར་བྱེ་བ་གཅིག་ཡན་གྱི་ལས་གཞི་བཅུ་གཅིག་ཡོད།    མཁར་གྲོང་གི་ཆུ་འདོན་འགན་སྲུང་བཟོ་སྐྲུན་ཐད་མ་དངུལ་སྒོར་དུང་ཕྱུར་གཅིག་ལྷག་བཏང་ནས་འཐུང་ཆུའི་བདེ་འཇགས་འགན་སྲུང་བྱེད་རྒྱུ་ཡིན་པ་དང་།   སློབ་གསོའི་སྤུས་འདེགས་བཟོ་སྐྲུན་ཐད་ལ་མ་དངུལ་སྒོར་བྱེ་བ་དྲུག་དང་ས་ཡ་གསུམ་འབུམ་གཅིག་ཁྲི་གཅིག་བཏང་ནས་རྨང་གཞིའི་སྒྲིག་ཆས་ཀྱི་མི་འདང་ས་ཁ་གསབ་བྱེད་རྒྱུ་ཡིན་ལ།    གྲོང་ཁྱེར་གསར་སྒྱུར་བཟོ་སྐྲུན་ཐད་མ་དངུལ་བྱེ་བ་དྲུག་དང་ས་ཡ་གཉིས་འབུམ་བཞི་ཁྲི་བཞི་བཏང་ནས་གྲོང་ཁྱེར་གྱི་སྤུས་ཚད་མཐོར་འདེགས་གཏོང་རྒྱུ་མ་ཟད།    གྲོང་ཁྱེར་དར་སྤེལ་བཟོ་སྐྲུན་ཐད་མ་དངུལ་སྒོར་བྱེ་བ་གསུམ་དང་ས་ཡ་གཅིག་འབུམ་བརྒྱད་ཁྲི་གཉིས་བཏང་ནས་ཞིང་སྡེའི་རྨང་གཞི་སྲ་བརྟན་དུ་གཏོང་རྒྱུ་རེད།   ད་རུང་རྒན་བཀུར་བྱིས་སྐྱོང་གི་བཟོ་སྐྲུན་ཐད་མ་དངུལ་སྒོར་བྱེ་བ་གསུམ་དང་འབུམ་བཞི་ཁྲི་བདུན་བཏང་ནས་རྒན་པ་གཅིག་དང་བྱིས་པ་གཅིག་གི་ཞབས་ཞུའི་འགན་སྲུང་འཐུས་ཚང་དུ་གཏོང་བ་དང་།    བདེ་སྡོད་བཟོ་སྐྲུན་ཐད་མ་དངུལ་སྒོར་བྱེ་བ་གསུམ་དང་ས་ཡ་དྲུག་འབུམ་བརྒྱད་ཁྲི་གཅིག་བཏང་ནས་གྲོང་ཁྱེར་སྡོད་དམངས་ཀྱི་གཞིས་སྡོད་ཁོར་ཡུག་ལེགས་བཅོས་བྱེད་རྒྱུ་ཡིན་ཞིང་།    འགྲིམ་འགྲུལ་ཤར་གཏོང་བཟོ་སྐྲུན་ཐད་མ་དངུལ་སྒོར་བྱེ་བ་བཞི་ལྷག་བཏང་ནས་མང་ཚོགས་ཕྱིར་བགྲོད་ཀྱི་གནད་དོན་ཐག་གཅོད་རྒྱུ་མ་ཟད།    རིག་རྩལ་དམངས་ཕན་བཟོ་སྐྲུན་ཐད་མ་དངུལ་སྒོར་བྱེ་བ་བཞི་དང་ས་ཡ་གཉིས་བཏང་ནས་མི་དམངས་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་རྒྱུ་ཡིན་ལ།   སྐྱེ་ཁམས་ལེགས་བཅོས་བཟོ་སྐྲུན་ཐད་མ་དངུལ་སྒོར་བྱེ་བ་གཅིག་དང་ས་ཡ་བདུན་འབུམ་གསུམ་ཁྲི་གཅིག་བཏང་ནས་སྐྱེ་ཁམས་ཀྱི་ཁྱད་ཆོས་རྒྱུན་མཐུད་ངང་འབུར་དུ་ཐོན་པར་བྱེད་རྒྱུ་རེད།   དམངས་ལ་སྟབས་བདེ་བསྐྲུན་པའི་བཟོ་སྐྲུན་ཐད་ལ་མ་དངུལ་སྒོར་བྱེ་བ་གཅིག་བཏང་ནས་མང་ཚོགས་ཀྱིས་ལས་དོན་སྒྲུབ་པར་སྟབས་བདེ་གང་ལེགས་བསྐྲུན་རྒྱུ་དང་།   ཁོར་ཡུག་གི་སྤུས་ཚད་མཐོར་འདེགས་བཟོ་སྐྲུན་ཐད་མ་དངུལ་སྒོར་བྱེ་བ་གཅིག་དང་ས་ཡ་གསུམ་འབུམ་ལྔ་བཏང་ནས་མཁར་གྲོང་གི་མི་སྡོད་ཁོར་ཡུག་ཇེ་ལེགས་སུ་གཏོང་རྒྱུ་རེད།   དེ་མིན།  སྨན་བཅོས་འགན་སྲུང་དང་ལས་ཞུགས་སྐུལ་འདེད།  སྤྱི་ཚོགས་གཅེས་སྐྱོང་སོགས་བཟོ་སྐྲུན་ཐད་སོ་སོར་མ་དངུལ་སྒོར་ས་ཡ་བརྒྱད་དང་འབུམ་བརྒྱད་ཁྲི་བརྒྱད་དང་།   སྒོར་ས་ཡ་གཉིས་དང་འབུམ་གཉིས་ཁྲི་གཉིས་སྟོང་ལྔ།   སྒོར་ས་ཡ་གཅིག་དང་འབུམ་གསུམ་ཁྲི་གཅིག་བཅས་བཏང་ནས་གཞི་རིམ་སྨན་བཅོས་ཞབས་ཞུའི་སྤུས་ཚད་མཐོར་འདེགས་དང་མི་ཚོགས་གཙོ་བོའི་ལས་ཞུགས་ལ་རོགས་སྐྱོར་བྱེད་པ།   དཀའ་ཁག་ཡོད་པའི་མི་ཚོགས་ཀྱི་དཀའ་ཁག་ཐག་གཅོད་རྒྱུ་རེད།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།