བྱིས་པར་པ་སེ་ཉོ་བར་གཟུགས་ཀྱི་རིང་ཐུང་དང་ལོ་ཚད་ཀྱི་ཚད་བཀག་ཐེབས་པའི་སྐོར་ལ་སྡེ་ཁག་གཉིས་ཀྱིས་བསམ་འཆར་བཏོན།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

ཟླ3པའི་ཚེས17ཉིན། རྒྱལ་ཁབ་འཕེལ་བསྒྱུར་ཨུ་ལྷན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་བུད་མེད་དང་བྱིས་པའི་ལས་དོན་ཨུ་ལྷན་གཞུང་དོན་ཁང་གིས《སྤྱི་ཚོགས་ཡོངས་སུ་བྱིས་པར་ཕན་བདེ་བསྐྲུན་པར་སྐུལ་འདེད་གཏོང་བའི་སྐོར་གྱི་བསམ་འཆར》ཁྱབ་བསྒྲགས་བྱས། 

《བསམ་འཆར》ནང་བྱིས་པར་ཕན་བདེ་ཁྱོན་ཡོངས་ནས་བསྐྲུན་རྒྱུ་སྟེ། སྤྱི་གཞུང་གི་སྲིད་ཇུས་དང་སྒྲིག་བཀོད། ཞབས་ཞུ་ལ་སོགས་ཕྱོགས་གཙོ་བོར་དམིགས་ཏེ། སྲིད་ཇུས་གཏན་འབེབས་དང་འཆར་འགོད་སྒྲིག་བཟོ། ཐོན་ཁུངས་བཀོད་སྒྲིག་བཅས་ཀྱི་ཁྲོད་དུ་བྱིས་པའི་ཁེ་དབང་ལ་འགན་ལེན་གང་ལེགས་དང་། བྱིས་པའི་དགོས་མཁོ་སྔོན་ལ་སྐོང་བར་སྐུལ་འདེད། དང་སློབ་གྲྭར་འགྲོ་བ་དང་སྨན་བཅོས་བྱེད་པ། ཕྱི་ལ་འགྲོ་བ། ལུས་རྩལ་སྦྱོང་བ། རྩེད་མོ་རྩེ་བ་སོགས་ལ་དམིགས་ཏེ་དངོས་སྒྲུབ་ཀྱི་བྱེད་ཐབས་བཏོན།

བྱིས་པར་ཕན་བདེ་བསྐྲུན་པའི་ལས་ཁྱོན་ཡོངས་ནས་སྤེལ་དགོས།

བྱིས་པར་ཕན་བདེ་ཞེས་པ་ནི་བྱིས་པའི་འཚར་ལོངས་དང་འཕེལ་རྒྱས་ཐད་ལ་ཆ་རྐྱེན་དང་ཁོར་ཡུགཞབས་ཞུ་བཅས་འོས་འཚམ་མཁོ་འདོན་བྱས་ནས། བྱིས་པའི་འཚོ་གནས་དབང་ཆ་དང་། འཕེལ་རྒྱས་དབང་ཆ། སྲུང་སྐྱོང་དབང་ཆ། ཐེ་ཞུགས་དབང་ཆ་བཅས་ལ་འགན་ལེན་ཏན་ཏིག་བྱེད་པ་ལ་ཟེར། 

དེའི་སྔོན། རང་རྒྱལ་དུ་གྲོང་ཁྱེར116གིས་བྱིས་པར་ཕན་བདེ་ཅན་གྱི་གྲོང་ཁྱེར་འཛུགས་སྐྲུན་ཚོད་ལྟབྱས་ཡོད་ཅིང་། རྒྱལ་ཡོངས་ཀྱི་ས་ཁུལ་རིམ་པ་དང་དེ་ཡན་གྱི་གྲོང་ཁྱེར1/3ལས་བརྒལ་བར་ཁྱབ་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་བྱིས་པ་དུང་ཕྱུར1.1ལྷག་ལ་ཕན་པ་ཐོབ།

《བསམ་འཆར》ནང་རྒྱལ་ཁབ་ཀྱི་བྱིས་པར་ཕན་བདེ་ཅན་གྱི་གྲོང་ཁྱེར་འཛུགས་སྐྲུན་ཚོད་ལྟ་བྱས་པའི་ཉམས་མྱོང་ལ་ཕྱོགས་ཡོངས་ནས་ཕྱོགས་བསྡོམས་བྱས་པའི་རྨང་གཞིའི་ཐོག བྱིས་པར་ཕན་བདེ་བསྐྲུན་པའི་དུས་མཚམས་རང་བཞིན་གྱི“གྲོང་ཁྱེར་གྱི་ཚོད་ལྟ་ཁུལ་འཛུགས་སྐྲུན”ནས་རྒྱུན་རྣམ་ཅན་དུ་བསྒྱུར་བའི“སྤྱི་ཚོགས་ཡོངས་ཀྱི་ལམ་སྲོལ་འཛུགས་པར”སྐུལ་འདེད་གཏོང་རྒྱུ་ཞེས་བཏོན། 

《བསམ་འཆར》ནང་། ས་གནས་སོ་སོས་གྲོང་ཁྱེར་གཞི་རྩའི་ཚན་པ་བྱས་ནས་སྤྱི་ཚོགས་ཀྱི་སྲིད་ཇུས་དང་སྤྱི་པའི་ཞབས་ཞུ། ཁེ་དབང་འགན་ལེན། འཚར་ལོངས་བར་མཐོངས་དང་ ཁོར་ཡུག་སོགས་ཀྱི་ཐད་བྱིས་པར་ཕན་པའི་སྲིད་ཇུས་དང་བྱེད་ཐབས་བརྒྱུད་རིམ་ལྡན་པའི་སྒོ་ནས་གཅིག་བསྡུས་བྱས་ཏེ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མངའ་ཁོངས་ཡོངས་སུ་བྱིས་པར་ཕན་བདེ་བསྐྲུན་པའི་ལས་དེ་ཁྱབ་གདལ་ལ་ར་སྐུལ་འདེད་གཏོང་དགོས། བྱིས་པར་ཕན་བདེ་ཅན་གྱི་གྲོང་ཁྱེར་འཛུགས་སྐྲུན་གྱི་ཉམས་མྱོང་ཁྱབ་གདལ་ཕྱོགས་ནས་ས་གནས་སོ་སོས་སྲིད་གཞུང་གི་གཅིག་གྱུར་འཆར་འགོད་དང་། སྡེ་ཁག་གི་རོགས་ལས། སྤྱི་ཚོགས་ཐེ་ཞུགས་བཅས་གཏིང་ཇེ་ཟབ་ཏུ་གཏོང་བར་སྐུལ་འདེད་བཏང་སྟེ། སྲིད་ཇུས་མཐུན་སྦྱོར་དང་མ་དངུལ་གཏོང་འཇོག  རྣམ་གྲངས་ལག་བསྟར་སོགས་ཀྱི་ཐད་སྤྱི་ཚོགས་ཡོངས་ཀྱིས་བྱིས་པར་ཕན་བདེ་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་མཉམ་ཤུགས་ཆགས་ཐུབ་པར་བྱེད་དགོས་ཞེས་ཁ་གསལ་བཏོན་ཡོད།

སྤྱི་གཞུང་གི་སྲིད་ཇུས་གཏན་འབེབས་བྱེད་སྐབས་བྱིས་པའི་ཕྱོགས་ལ་བསམ་གཞིགས་གང་ལེགས་གཏོང་དགོས།

ས་གནས་སོ་སོས་སྲིད་ཇུས་དང་ཁྲིམས་སྲོལ་བཟོ་བ་དང་། འཆར་འགོད་དང་འཆར་གཞི་བཟོ་བ། སྤྱི་པའི་ཐོན་ཁུངས་བཀོད་སྒྲིག་བྱེད་པ་བཅས་ཀྱི་ཁྲོད་བྱིས་པའི་ཁྱད་གཞིར་བརྩི་འཇོག་གང་ལེགས་དང་། བྱིས་པའི་ཁེ་ཕན་ལ་འགན་ལེན་ཏན་ཏིག བྱིས་པའི་དགོས་མཁོ་སྔོན་ལ་སྐོང་བ་བཅས་ལ་སྐུལ་འདེད་བཏང་ནས། ཆ་རྐྱེན་དང་མཐུན་པའི་བྱིས་པའི་ཕན་བདེ་རྣམ་གྲངས་སྔོན་ལ་སྲིད་གཞུང་གི་དམངས་ཚིས་དོན་དངོས་ཀྱི་གསལ་ཐོའི་ནང་འཇུག་དགོས།

ཆ་རྐྱེན་འཛོམས་པའི་ས་གནས་ཀྱིས་བྱིས་པར་ཕན་པའི་འཛུགས་སྐྱོང་གི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་བཟོ་བར་རྒྱབ་སྐྱོར་བྱེད་དགོས།

ས་གནས་སོ་སོས་རྒྱལ་ཁབ་ས་ཁོངས་བར་སྟོང་འཆར་འགོད་དང་གྲོང་ཁྱེར་གསར་སྒྱུར་གྱི་ཆེད་དོན་འཆར་འགོད་སོགས་འབྲེལ་ཡོད་འཆར་འགོད་ལག་བསྟར་བྱེད་སྐབས“གཟུགས་ཀྱི་རིང་ཚད་སྨི་གཅིག”ཅན་གྱི་བྱིས་པར་དམིགས་ནས་བྱིས་པའི་དགོས་མཁོར་བསམ་གཞིགས་གང་ལེགས་གཏོང་དགོས།

ས་གནས་རིམ་པ་སོ་སོའི་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག་གིས་ཚད་ལྡན་རང་བཞིན་གྱི་ཡིག་ཆ་བཟོ་བ་དང་། སྲིད་འཛིན་གྱི་ཐབས་ཇུས་གལ་ཆེན་འདོན་པ། དེ་བཞིན་རྣམ་གྲངས་གལ་ཆེན་འཛུགས་པའི་བརྒྱུད་རིམ་ནང་། བྱིས་པའི་ཁེ་དབང་དང་འབྲེལ་བ་ཡོད་ཚེ། བྱིས་པ་དང་དེ་བཞིན་ལྟ་སྐྱོང་པའི་བསམ་འཆར་ལ་བསམ་གཞིགས་གང་ལེགས་བཏང་ནས་བྱིས་པར་ཤུགས་རྐྱེན་ཐེབས་མིན་ཐད་དཔྱད་དཔོག་འཚོལ་ཞིབ་བྱེད་དགོས།

སྤྱི་པའི་སྒྲིག་བཀོད་འཛུགས་སྐྲུན་ཁྲོད་བྱིས་པར་ཕན་པའི་འདུ་ཤེས་གང་ལེགས་མཚོན་དགོས།

སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་དང་། སྤྱི་གླིང་གི་སྤང་ལྗོངས། ཕྱིར་སྐྱོད་ཁོར་ཡུག་སོགས་གནད་དུ་བཟུང་སྟེ། སྤྱི་པའི་བར་སྟོང་དེ་བྱིས་པར་འཚམ་པར་སྒྱུར་བ་ལ་སྐུལ་འདེད་གཏོང་བ་དང་། བྱིས་པའི་ལུས་རྩལ་དང་རོལ་རྩེད། ངལ་གསོ། སློབ་ཕྱིའི་ལག་ལེན་སོགས་བྱེད་ས་དང་སྒྲིག་བཀོད་ཁ་སྣོན་བྱས་ནས་བདེ་འཇགས་དང་བདེ་ཐང་། སྤྲོ་སྐྱིད་དང་སྟབས་བདེ། བྱེད་ནུས་འཐུས་ཚང་། སྤྲོ་སྣང་དང་ཁྱད་ཆོས་ལྡན་པ་བཅས་ཀྱི་བྱིས་པར་ཕན་པའི་གྲོང་ཁྱེར་གྱི་བར་སྟོང་བསྐྲུན་དགོས།

བྱིས་པར་ཕན་པའི“ཁྲོམ་གཞུང+”དང“སྡེ་ཁུལ+”“སྤྱི་གླིང+”བཅས་འཛུགས་སྐྲུན་བྱེད་སྟངས་ཁྱབ་གདལ་བཏང་ཐོག ཁྲོམ་གཞུང་གི་དཀྱོགས་མཚམས་སོགས་ཀྱི་བར་སྟོང་བེད་སྤྱོད་ཡག་པོ་བྱས་ཏེ། དེ་གར་བྱིས་པའི་ཞབས་ཞུའི་སྒྲིག་བཀོད་དང་བྱེད་སྒོ་སྤེལ་ཡུལ་སྔོན་ལ་གཟུག་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡེ་ཁུལ་དང་གྲོང་ཁྱེར་སྤྱི་གླིང་དུ་དགོས་ངེས་ཀྱི་བྱིས་པའི་སྤྲོ་གསེང་བྱེད་སྒོའི་སྒྲིག་བཀོད་འཛུགས་པར་སྐུལ་འདེད་བཏང་ནས། ཁྲོམ་གཞུང་དང་སྡེ་ཁུལ། སྤྱི་གླིང་བཅས་སུ་བྱིས་པར་ཕན་པའི་བར་སྟོང་གིས་ཁྱབ་པ་རིམ་བཞིན་མངོན་འགྱུར་ཡོང་བ་བྱེད་དགོས།​

མི་ཚོགས་འདུ་ས་དང་འགྲིམ་འགྲུལ་ས་ཚིགས། ཡུལ་སྐོར་མཛེས་ལྗོངས་ཁུལ་སོགས་སུ་འབྲེལ་ཡོད་ཚད་གཞི་ལྟར་མ་བུ་དང་བྱིས་པའི་འཕྲོད་བསྟེན་སྒྲིག་ཆས་བཀོད་སྒྲིག་བྱེད་པར་སྐུལ་འདེད་གཏོང་དགོས།

ས་གནས་སོ་སོས་བྱིས་པར་ཕན་པའི་བླང་བྱ་དེ་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་དང་སྤྱི་པའི་བར་སྟོང་སོགས་འཛུགས་སྐྲུན་རྣམ་གྲངས་ཀྱི་དུས་འགོའི་ལས་དོན་ནང་འཇུག་པར་རྒྱབ་སྐྱོར་བྱེད་དགོས། ཞིང་ཆེན་རིམ་པའི་སྲིད་གཞུང་གིས་བར་སྟོང་གཅིག་གྱུར་འཆར་འགོད་བྱེད་ཤུགས་ཆེ་རུ་གཏོང་བར་རྒྱབ་སྐྱོར་བྱས་ཏེ། དོན་དངོས་དང་ཟུང་འབྲེལ་བྱས་ནས་ཆ་རྐྱེན་དང་མཐུན་པའི་བྱིས་པའི་བྱེད་སྒོའི་སྒྲིག་བཀོད་འཛུགས་སྐྲུན་དང་བྱིས་པར་འཚམ་པའི་སྒྱུར་བཀོད་རྣམ་གྲངས་ཀྱི་ཞིབ་མཆན་འགོད་པའི་འགྲོ་ལུགས་སྟབས་བདེ་རུ་གཏོང་དགོས།

སྤྱི་པའི་ཞབས་ཞུ་མཁོ་སྤྲོད་ཀྱིས་བྱིས་པར་སྔོན་ལ་འགན་ལེན་གང་ལེགས་བྱེད་དགོས།

སློབ་གསོའི་ཐད། སྤྱི་པའི་ཞབས་ཞུས་བྱིས་པར་རིན་མེད་དང་ཡང་ན་གཟིགས་སྐྱོང་སྲིད་ཇུས་རྒྱུན་མཐུད་ངང་འཐུས་ཚང་དུ་གཏོང་དགོས། ཀུན་ཕན་བུ་བཅོལ་ཞབས་ཞུའི་ལས་ཁུངས་ཀྱི་གཞི་རྩའི་ཞབས་ཞུའི་གྲོན་དངུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སློབ་ཡོན་མི་དགོས་པའི་སྔོན་འགྲོ་སློབ་གསོ་རིམ་བཞིན་ཁྱབ་སྤེལ་གཏོང་དགོས། 

སྨན་བཅོས་འགན་ལེན་ཐད། མིའི་མཛེར་འབྲུམ་ནད་དུག(HPV)གི་འགོག་ཁབ་དེ་རྒྱལ་ཁབ་ཀྱི་རིམས་འགོག་འཆར་འགོད་ནང་བཅུག་ནས། ལོ13ལ་སླེབས་པའི་བུ་མོར་རིན་མེད་ཀྱིས་འགོག་ཁབ་རྒྱག་དགོས། བྱིས་པའི་མཛའ་མཐུན་སྨན་ཁང་འཛུགས་སྐྲུན་ལ་ཁྲིད་སྟོན་བྱེད་དགོས་ཤིང་། སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཀྱིས་ལོ0ནས3བར་གྱི་བྱིས་པའི་དོས་དྲག་དང་ནད་གཞི་ལྕི་རིགས་ཀྱི་ནད་པར་ཆུ་ཚོད24རིང་སྐྱོབ་བཅོས་བྱེད་པའི་ལྗང་མདོག་བགྲོད་ལམ་བཏོད་པར་སྐུལ་འདེད་གཏོང་དགོས།

རོལ་རྩེད་སྤྲོ་གསེང་ཐད།  སློབ་གྲྭ་ཆུང་འབྲིང་གིས་དུས་ཆེན་དང་གུང་གསེང་སོགས་ཀྱི་སྐབས་སུ་བྱིས་པར་ལུས་རྩལ་ར་བའི་སྒོ་འབྱེད་པར་སྐུལ་འདེད་གཏོང་དགོས། ནར་མ་སོན་པའི་མི་ཡུལ་སྐོར་ལྗོངས་རྒྱུར་ཡོང་དུས་གཏན་འབེབས་ལྟར་རིན་གོང་ཆག་ཡང་གཏོང་དགོས་ཤིང་། ཆ་རྐྱེན་འཛོམས་པའི་མཛེས་ལྗོངས་ཁུལ་གྱིས་གོ་རིམ་བཞིན་བྱིས་པའི་སྤ་སེ་ཉོ་མི་དགོས་པའི་ཆ་རྐྱེན་ཏེ་གཟུགས་པོའི་རིང་ཚད་དང་ལོ་ཚད་འོས་འཚམ་ཇེ་མཐོར་གཏང་དགོས་པ་དང་། གསར་བརྗེའི་ཡུལ་སྐོར་མཛེས་ལྗོངས་ཁུལ་དང་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞིས་ན་ཆུང་གཞོན་ནུར་རིན་མེད་དང་ཡང་ན་གཟིགས་སྐྱོང་ཡོད་པའི་སྒོ་འབྱེད་པར་སྐུལ་འདེད་གཏོང་དགོས།

འགྲིམ་འགྲུལ་འགྲོ་སྐྱོད་ཐད། གྲོང་ཁྱེར་གྱི་སྤྱི་སྤྱོད་རླངས་འཁོར་དང་ས་འོག་ལྕགས་ལམ། དེ་བཞིན་རླངས་འཁོར་ས་ཚུགས་དང་གནམ་གྲུ་ཐང་སོགས་ལྟེ་བའི་འགྲིམ་འགྲུལ་གྱིས་བྱིས་པའི་འགྲོ་སྐྱོད་ལ་སྟབས་བདེ་སྐྲུན་པར་སྐུལ་འདེད་གཏོང་དགོས་ཤིང་། ཆ་རྐྱེན་འཛོམས་པའི་ས་གནས་སུ་སློབ་གྲྭར་སྐྱོད་པའི་སྤྱི་སྤྱོད་རླངས་འཁོར་ཤར་གཏོང་ལ་རྒྱབ་སྐྱོར་བྱེད་དགོས། དྲ་འབོད་རླངས་འཁོར་ལས་སྟེགས་ཀུང་སིས་བྱིས་པ་འཁྱེར་ཡོད་པའི་འགྲུལ་པ་སྔོན་ལ་དང་ལེན་བྱ་རྒྱུར་སྐུལ་ལྕག་དང་ཁྲིད་སྟོན་བྱེད་དགོས། ལྕགས་ལམ་དང་མཁའ་འགྲུལ་ཀུང་སིས་བྱིས་པ་དང་དེའི་ལྟ་སྐྱོང་པར་སྔོན་ལ་སྤ་སེ་ཞིབ་བཤེར་དང་སྔོན་ལ་འགྲོ་སྐྱོད་བྱེད་པའི་ཞབས་ཞུ་འདོན་སྤྲོད་བྱེད་དགོས། མཁའ་འགྲུལ་ཀུང་སིས་ཁྱིམ་ཚང་གི་གཟིགས་སྐྱོང་ཞབས་ཞུའི་ཐོན་རྫས་དང་མི་དར་མའི་ལྟ་སྐྱོང་མེད་པའི་བྱིས་པར་འདུག་རོགས་ཞབས་ཞུ་འདོན་པར་རྒྱབ་སྐྱོར་བྱེད་དགོས།

བྱིས་པའི་འཚར་ལོངས་བདེ་འཇགས་ཀྱི་མཐའ་ཐིག་དང་སྲུང་སྐྱོང་འགོག་སྲུང་ཇེ་བརྟན་དུ་གཏོང་དགོས།

བྱིས་པའི་བཟའ་བཅའ་དང་མཁོ་ཆས་ཀྱི་བདེ་འཇགས་སོགས་ལ་དམིགས་ནས། 《བསམ་འཆར》ནང་།  བྱིས་པ་དང་སློབ་མའི་མཁོ་ཆས་ཀྱི་སྤུས་ཚད་བདེ་འཇགས་ཀྱི་ལྟ་སྐུལ་དོ་དམ་འགན་འཁྲི་ཁྱོན་ཡོངས་ནས་དོན་འཁྱོལ་བྱ་རྒྱུ་ཁ་གསལ་བཟོས་ཡོད། བྱིས་པར་ཆེད་དུ་མཁོ་འདོན་བྱེད་པའི་ཟས་རིགས་གཙོ་བོ་དང་ཞོར་ཟས། དེ་བཞིན་སློབ་གྲྭ་དང་བུ་བཅོལ་ཁང་སོགས་གཅིག་སྡུད་ཀྱིས་ཟ་མ་ཟ་སའི་སྡེ་ཁག་གི་འབྲེལ་ཐག་ཧྲིལ་པོ་དང་། ལས་རིམ་སོ་སོའི་ཟས་རིགས་ཀྱི་བདེ་འཇགས་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་དགོས་ཞེས་གསལ་བོར་བསྟན་ཡོད།

འགྲིམ་འགྲུལ་འགྲོ་སྐྱོད་དང་རོལ་རྩེད་བྱེད་སྒོའི་བདེ་འཇགས་སོགས་ཀྱི་ཐད། 《བསམ་འཆར》ནང་། སློབ་གྲྭའི་རླངས་འཁོར་བདེ་འཇགས་དོ་དམ་དང་སློབ་གྲྭའི་མཐའ་འཁོར་གྱི་འགྲིམ་འགྲུལ་བདེ་འཇགས་བཅོས་སྐྱོང་ལ་ཤུགས་སྣོན་དགོས། འགྲིམ་འགྲུལ་དང་མེ་གསོད་མེ་འགོག  ཆུར་ལྷུང་བར་སྔོན་འགོག་ལ་སོགས་པའི་ཐད་ཀྱི་བདེ་འཇགས་སློབ་གསོར་ཤུགས་བསྣན་ནས། བྱིས་པའི་བདེ་འཇགས་དོགས་ཟོན་འདུ་ཤེས་དང་རང་སྐྱོབ་རང་སྲུང་ནུས་པ་ཆེ་རུ་གཏོང་དགོས།  གློག་རྡུལ་ལག་ཁྱེར་སོགས་གྲངས་འཛིན་ལག་རྩལ་སྤྱད་དེ་ལོ་ཚོད་ཞིབ་བཤེར་བྱེད་པ་ཁྱབ་གདལ་གཏོང་བ་དང་། གཞོན་ནུ་ལོ་ཆུང་ཆང་ཁང་དང་རོལ་རྩེད་འགྲན་བསྡུར་མགྲོན་ཁང་།  སྒེར་གྱི་གློག་བརྙན་ཁང་སོགས་སུ་འགྲོ་བར་དུས་ཐོག་ཏུ་བཀག་འགོག་བྱ་དགོས་ཞེས་གསལ་བོར་བསྟན་ཡོད།

གཞོན་ནུ་ལོ་ཆུང་གི་དྲ་རྒྱའི་སྲུང་སྐྱོང་ལ་ཤུགས་སྣོན་དགོས།《བསམ་འཆར》ནང་། དྲ་རྒྱ་བརྒྱུད་དེ་ཉེན་ཆེའི་བྱ་སྤྱོད་ནང་འཇམ་ཁྲིད་དང་ལྟ་བ་ངན་པ་སྒྲོག་སྤེལ་བྱེད་པ་སོགས་གཞོན་ནུ་ལོ་ཆུང་ལ་འབྲེལ་བའི་གནད་དོན་མངོན་གསལ་གཅིག་སྡུད་ཐོག་ལེགས་བཅོས་བྱ་དགོས། དྲ་རྒྱའི་སྟེགས་བུར་གཞོན་ནུ་ལོ་ཆུང་ལ་འཚམ་པའི་འཆར་ངོས་འཐུས་ཚང་དུ་བཏང་ནས་ཚན་རིག་དང་མཐུན་ཞིང་ལུགས་མཐུན་ངང་བེད་སྤྱོད་དུས་ཡུན་བཀོད་སྒྲིག་དང་། ལོ་ན་དང་འཚམ་པའི་སྤུས་ལེགས་ནང་དོན་མཁོ་སྤྲོད་བྱེད་ཚད་ཇེ་མང་དུ་གཏོང་བ་སོགས་ཀྱི་བྱེད་ཐབས་བརྒྱུད་དེ། གཞོན་ནུ་ལོ་ཆུང་གི་ལུས་སེམས་བདེ་ཐང་ལ་སྔར་ལས་སྲུང་སྐྱོང་ཡག་པོ་བྱེད་དགོས་པ་གསལ་བོར་བསྟན་ཡོད།

གཞོན་ནུ་ལོ་ཆུང་གི་ཁྲིམས་འཛིན་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས། 《བསམ་འཆར》ནང་། གཞོན་ནུ་ལོ་ཆུང་ལ་དམིགས་པའི་ཁྲིམས་འགལ་ཉེས་གསོག་བྱ་སྤྱོད་ལ་ཁྲིམས་ལྟར་རྡུང་རྡེག་ནན་པོ་བཏང་ནས། གནོད་འཚེ་ཕོག་ཡུལ་གཞོན་ནུ་ལོ་ཆུང་གི་ཁྲིམས་མཐུན་ཁེ་དབང་ལ་འགན་ལེན་བྱེད་དགོས། གཞོན་ནུ་ལོ་ཆུང་གིས་གནོད་འཚེ་བཏང་བའི་གྱོད་དོན་བཙན་ཤེད་ཀྱིས་སྙན་སེང་ཞུ་བའི་ལམ་ལུགས་ལག་ལེན་ནན་པོ་བསྟར་དགོས་ཞེས་ནན་གྱིས་བསྟན་པ་རེད། 

དྭ་ཕྲུག་དང་གཞིས་སྲུང་བྱིས་པ། སྐོར་སྐྱོད་བྱིས་པ་སོགས་ཀྱི་ཕན་བདེ་འགན་ལེན་ཐད།《བསམ་འཆར》ནང་། འགན་ལེན་བྱེད་དགོས་པ་ཚང་མ་འགན་ལེན་བྱེད་པའི་རྩ་དོན་གཞིར་བཟུང་ནས། དྭ་ཕྲུག་དང་དོན་དངོས་ཐོག་གསོ་སྐྱོང་བྱེད་མཁན་མེད་པའི་བྱིས་པ། དབང་པོ་སྐྱོན་ཅན་གྱི་བྱིས་པ་བཅས་ཀྱི་འགན་ལེན་ལམ་ལུགས་དོན་འཁྱོལ་བྱ་རྒྱུ་ཁ་གསལ་བཟོས་ཡོད། 

གཞན་ཡང་། 《བསམ་འཆར》ནང་། ས་གནས་སོ་སོའི་གཞོན་ནུ་ལོ་ཆུང་ཞབས་ཞུའི་སྟེགས་བུ12355ཡིས་སྔོན་ལ་བྱིས་པའི་སེམས་ཁམས་ལ་ཁྲིད་སྟོན་དང་བདེ་འཇགས་སློབ་གསོ་སོགས་སྤྱི་ཕན་ཆེད་ལས་ཞབས་ཞུ་མཁོ་འདོན་ལ་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན་པ་རེད། 

བྱིས་པར་ཕན་པའི་འདུ་ཤེས་དྲིལ་སྒྲོག་བྱེད་དགོས།

བྱིས་པར་ཕན་པའི་སྲིད་ཇུས་དྲིལ་སྒྲོག་ཁྲིད་སྟོན་ལ་ཤུགས་སྣོན་བརྒྱབ་སྟེ། རྒྱུན་རྣམ་ཅན་གྱི་སྤྱི་ཕན་དྲིལ་སྒྲོག་བྱེད་དགོས། ས་གནས་སོ་སོས་བྱིས་པར་ཕན་བདེ་བསྐྲུན་པ་དང་གཞོན་ནུ་ལོ་ཆུང་སྲུང་སྐྱོང་ལས་དོན་ལ་གཅིག་གྱུར་འཆར་འགོད་དང་དྲིལ་སྒྲོག་ལ་སྐུལ་འདེད་བཏང་ནས། སྤྱི་དམངས་ཀྱིས་ཤེས་རྟོགས་ཐུབ་ཚད་དང་དེའི་ནང་ཞུགས་ཚད་མཐོ་རུ་གཏོང་དགོས། 

ཆ་རྐྱེན་འཛོམས་པའི་ས་གནས་ཀྱིས་བྱིས་པའི་ཕན་བདེའི་གཟུགས་བརྙན་མཚོན་རྟགས་དང་། བརྗོད་དོན་གླུ་གཞས། སྤྱི་ཕན་བརྡ་ཁྱབ་སོགས་དྲིལ་སྒྲོག་ལ་བརྟེན་ནས་སྤྱི་ཕན་བྱེད་སྒོ་སྣ་ཚོགས་ནང་བྱིས་པའི་ཕན་བདེ་བརྗོད་དོན་བཀོད་སྒྲིག་དང་། སྤྱི་གཞུང་ལས་ཁུངས་ཀྱིས“དྲུག་གཅིག”བྱིས་པའི་དུས་ཆེན་དང་དགུན་གནང་དབྱར་གནང་སོགས་ཀྱི་རིང་བྱིས་པར་ཕན་བདེ་སྒོ་འབྱེད་ཉིན་མོ་དང་ཉམས་ལེན་ཉིན་མོ་སོགས་ཀྱི་བྱེད་སྒོ་སྤེལ་བར་སྐུལ་འདེད་གཏོང་དགོས།

བྱིས་པར་ཕན་བདེ་བསྐྲུན་པའི་ཐད་ཀྱི་དཔེ་མཚོན་གྱོད་དཔེ་སྔོག་འདོན་དང་ཁྱབ་གདལ་བཏང་སྟེ། བྱིས་པར་ཕན་པའི་གཏམ་རྒྱུད་ཡག་པོ་བརྗོད་ནས་བྱིས་པར་ཕན་པའི་འདུ་ཤེས་དྲིལ་སྒྲོག་ཡག་པོ་བྱེད་དགོས།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།