ཟླ3པའི་ཚེས17ཉིན། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་སྤྱི་བདེ་ཅུས་ཉེས་དོན་མྱུལ་ཞིབ་ཡན་ལག་རུ་ཁག་གིས་ཁུལ་སྦྲག་སྲིད་དོ་དམ་ཅུས་དང་མཉམ་འབྲེལ་ཐོག་སྐུར་སྐྱེལ་ལས་རིགས་ཀྱི“དུག་འགོག་དང་བསླུ་འགོག”ཆེད་དོན་གསོ་སྦྱོང་རྩ་འཛུགས་བྱས་ཤིང་། ཁུལ་ཡོངས་ཀྱི་སྦྲག་སྲིད་དང་མྱུར་སྐྱེལ་ཁེ་ལས་ཀྱི་འགན་འཁུར་པ་དང་བདེ་འཇགས་དོ་དམ་མི་སྣ་དང་དེ་བཞིན་ཡུལ་དངོས་དང་པོའི་སྐྱེལ་ལེན་དང་། དབྱེ་སྒྲིག བདེ་འཇགས་ཞིབ་བཤེར་སོགས་འགག་རྩའི་ལས་གནས་ཀྱི་ལས་ཀ་བྱེད་མཁན་གསོ་སྦྱོང་ནང་ཞུགས།
གསོ་སྦྱོང་ཁྲོད་དུག་འགོག་མི་དམངས་ཉེན་རྟོག་པས་ཉེ་བའི་ལོ་ཤས་རིང་གི་མཚོ་བྱང་ཁུལ་དང་དེ་བཞིན་མཐའ་འཁོར་ས་ཁུལ་གྱི་སྐུར་སྐྱེལ་ཐབས་ལམ་གྱི་དུག་འབྲེལ་དཔེ་མཚོན་གྱོད་དཔེ་དང་ཟུང་འབྲེལ་སྒོས། དུག་རྫས་ཀྱི་རྫུན་བརྫུས་རྣམ་པ་དང་། སྦས་སྐུང་བྱེད་ཐབས། དོགས་ཡོད་ཐུམ་སྒྲིལ་དབྱེ་འབྱེད་ཐབས་རྩལ་བཅས་ལ་དབྱེ་ཞིབ་གཏིང་ཟབ་བྱས་ཤིང་། མིང་ངོ་མའི་ལེན་སྐུར་འཕྲོད་སྐུར་དང་ཞིབ་བཤེར་ལྟ་ཞིབ། འཕྲུལ་ཆས་བརྒྱུད་དེ་བདེ་འཇགས་ཞིབ་བཤེར་བཅས་ཀྱི“ལམ་ལུགས་དོན་ཚན་གསུམ”གྱི་བཅའ་ཁྲིམས་གཏན་འབེབས་བརྒྱུད་རིམ་ལྡན་པའི་ངང་གསལ་འགྲེལ་བྱས་པ་དང་། དུག་འབྲེལ་ཁུངས་སྣེ་ཡར་ཞུ་བརྒྱུད་རིམ་དང་ཐེར་འདོན་ཐབས་ལམ་ཁ་གསལ་བཟོས་ཏེ། ལས་ཀ་བྱེད་མཁན་གྱིས་ལས་གནས་བརྟན་སྲུང་དང་འགག་སྒོ་དམ་འཛིན་ནན་མོ་བྱས་ཏེ་སྐུར་སྐྱེལ་ཐབས་ལམ་གྱི“འགོ་ཁུངས་ལྟ་སྲུང་བ”ལེགས་པོ་བྱས་ཏེ། དུག་རྫས་དེ་དངོས་ཟོག་སྐུར་སྐྱེལ་བརྒྱུད་དེ་ཁྱབ་མཆེད་བགྲོད་ལམ་མཐའ་གཅིག་ཏུ་གཅོད་པར་ཁྲིད་སྟོན་བྱས།
བསླུ་འགོག་མི་དམངས་ཉེན་རྟོག་པས་སྐུར་སྐྱེལ་ལས་རིགས་ཀྱི་ཉེན་ཁ་མང་འབྱུང་ལ་དམ་པོར་དམིགས་ཏེ་མྱུར་སྐྱེལ་སྐྱིན་ཚབ་བསླུ་བྲིད་དང་། འགྲུལ་ཞབས་པར་ཧམ་བརྫུས་བསླུ་བྲིད་གཏོང་བ། བསླུ་བྲིད་དང་འབྲེལ་བ་ཡོད་པའི་དངོས་རྫས་སྐུར་སྐྱེལ། མི་སྒེར་གྱི་ཆ་འཕྲིན་ཕྱིར་གྱར་སོགས་མངོན་གསལ་དོད་པའི་གནད་དོན་ལ་དམིགས་ནས། བསླུ་བྲིད་དང་འབྲེལ་བ་ཡོད་པའི་ཐུམ་སྒྲིལ་གྱི་རྒྱུན་ལྡན་མིན་པའི་ཁྱད་ཆོས་དང་། ཞིབ་བཤེར་གཙོ་གནད་དང་དེ་བཞིན་ཐག་གཅོད་ཚད་ལྡན་བཅས་ལ་འགྲེལ་བཤད་ཞིབ་ཕྲ་བརྒྱབ་པ་མ་ཟད། ལས་ཀ་བྱེད་མཁན་གྱིས་སྐྱེལ་ལེན་དང་། དབྱེ་སྒྲིག སྐྱེལ་བ་བཅས་ཀྱི་བརྒྱུད་རིམ་ཁག་ཏུ་ནང་ཁུལ་གྱི་དངོས་པོར་ཞིབ་བཤེར་ནན་མོ་བྱས་ཏེ་བསླུ་བྲིད་དང་འབྲེལ་བ་ཡོད་པའི་ཉེན་ཁ་ཕྱིར་མཆེད་པར་འགོ་ཁུངས་ནས་འགོག་ཟོན་བྱེད་པར་མཛུབ་སྟོན་བྱས།