མཚོ་ནུབ་ཐེམ་ཆེན་རྫོང་གི“འབྲོག་རའི་བར་འདུམ་ཁྲིམས་ར”འབྲོག་ཁུལ་དུ་བཙུགས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ3པའི་ཚེས17ཉིན། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཐེན་ཆེན་རྫོང་མི་དམངས་ཁྲིམས་ཁང་གི་ལས་བྱེད་ཉེན་རྟོག་པས་གངས་རླུང་དང་གྲང་ངར་ལ་མ་འཛེམ་པར་འབྲོག་ཁུལ་དུ“འབྲོག་རའི་བར་འདུམ་ཁྲིམས་རའི”སྐོར་སྐྱོད་འདྲི་གཅོད་བྱ་བ་བསྒྲུབས་ནས་ཁྲིམས་འཛིན་ཞབས་ཞུ་འབྲོག་པའི་སྒོ་འགྲམ་དུ་བསྐྱལ། བྱ་སྤྱོད་དངོས་ཀྱི་ཐོག་ནས“རང་ཉིད་གཏུག་བཤེར་དུ་ཡོད་པ་ལྟ་བུའི”དམངས་ཆེད་ཁྲིམས་འཛིན་གྱི་འདུ་ཤེས་ལག་ལེན་དུ་བསྟར་ཏེ་འབྲོག་ཁུལ་གྱི་གྲོང་གསེབ་དར་རྒྱས་ཡོང་ཆེད་ཁྲིམས་སྐྱོང་གི་སྲུང་ཡོལ་ཇེ་བརྟན་དུ་བཏང་།    

ཁྲིམས་ཐོ་རྡུང་བ་དང་ཆབས་ཅིག་རྩྭ་རའི་གཉེར་སྐྱོང་དབང་ཆའི་རྩོད་གཞིའི་གྱོད་གཞི་ཞིག་གི་སྐོར་སྐྱོད་ཁྲིམས་རའི་འདྲི་ཞིབ་དངོས་སུ་ཁྲིམས་རར་ཚོགས།  སྒྲུབ་འགན་འཁུར་མཁན་ཁྲིམས་དཔོན་གྱིས་དམངས་ཆེད་ཁྲིམས་འཛིན་གྱི་འདུ་ཤེས་སྲུང་འཛིན་བྱས་ཏེ་ངང་རྒྱུད་རིང་པོས་ཕྱོགས་གཉིས་ཀྱི་རེ་ཞུར་ཉན་པ་དང་།     བཅའ་ཁྲིམས་ཀྱི་གཏན་འབེབས་གསལ་འགྲེལ་ཞིབ་ཚགས་བྱས་ཤིང་།    ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོའི་ཁྲོད་ས་ཆ་འགན་གཙང་ལེན་གཉེར་སྐྱོང་དང་འབྲོག་ཁུལ་གྱི་རྩྭ་ར་སྲུང་སྐྱོབ་ཀྱི་སྲིད་ཇུས་བླང་བྱ་དང་ཟུང་འབྲེལ་སྒོས། རིམ་པ་དབྱེ་ནས་ཁྲིམས་ཀྱི་གནས་ལུགས་གསལ་འགྲེལ་དང་བྱམས་བརྩེ་ངང་འགལ་བ་སེལ་ཡོད།    མཐར་ཕྱོགས་གཉིས་བར་འདུམ་འགྲིག་གི་གྲོས་ཡིག་བཞག་ནས་འབྲོག་པར་དཀའ་ངལ་བཟོས་པའི་རྩོད་གཞི་དེ་གར་སེལ་ཐུབ་པ་བྱུང་།    

ཁྲིམས་རའི་འདྲི་ཞིབ་ཀྱི་ཡུལ་དངོས་སུ་ཉེ་འཁོར་གྱི་འབྲོག་པས་ཐག་ཉེ་ནས་ལྟ་སྦྱོང་དང་སློབ་སྦྱོང་བྱས་ཏེ་རྩྭ་ར་གཉེར་སྐྱོང་དང་ཁྱིམ་མཚེས་རྩོད་གཞི་སོགས་བཅའ་ཁྲིམས་ཀྱི་ཤེས་བྱ་ཐད་ཀར་ཁོང་དུ་ཆུད་པ་རེད།     འབྲོག་པ་ཚོས་གཅིག་རྗེས་གཉིས་མཐུད་ངང་རང་ཁྱིམ་གྱི་སྒོ་འགྲམ་དུ་ཁྲིམས་རའི་འདྲི་ཞིབ་ནང་ཞུགས་པ་དང་བཅའ་ཁྲིམས་སློབ་སྦྱོང་བྱས་ནས་རྩོད་གཞི་བྱུང་དུས་ཁྲིམས་ལྟར་ཁེ་དབང་སྲུང་སྐྱོང་བྱེད་པའི་འདུ་ཤེས་མཐོར་འདེགས་བཏང་ཡོད་ཟེར།     ད་ཐེངས་ཀྱི་འདྲི་གཅོད་ལས་མང་ཚོགས་ཀྱི་གྱོད་གཏུག་དཀའ་ངལ་ནུས་ལྡན་ངང་ཆུང་དུ་ཕྱིན་པ་མ་ཟད།     “གྱོད་གཞི་གཅིག་ཞིབ་གཅོད་དང་།     སློབ་གསོ་ཡུག་གཅིག     བཅོས་སྐྱོང་ཕྱོགས་གཅིག”བཅས་ཀྱི་ཕན་འབྲས་བཟང་པོ་དེ་བས་ཐོན་ཡོད།    

ཁྲིམས་རའི་འདྲི་ཞིབ་རྗེས་སུ་ལས་བྱེད་ཉེན་རྟོག་པ་ཚོས་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོ་ཆེད་དོན་སྒྲོག་བཤད་བྱས་ཏེ་ཁ་གསལ་གོ་བདེ་བའི་མི་རིགས་ཀྱི་སྐད་བརྡ་དང་རྒྱུན་ལྡན་གྱི་སྐད་ཆ་སྤྱད་དེ་རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོབ་དང་།     འབྲོག་ཁུལ་གྱི་ཐོན་ལས་འཕེལ་རྒྱས།     རྩྭ་ཐང་གི་འགན་གཙང་ལེན་གཉེར་སྐྱོང་སོགས་འབྲོག་པ་མང་ཚོགས་ཀྱི་ཁེ་ཕན་དང་འབྲེལ་བ་ཡོད་པའི་ནང་དོན་གཙོ་གནད་ཐོག་གསལ་འགྲེལ་བྱས་ནས། སྲིད་ཇུས་ཀྱི་ཁེ་འབབ་དང་ཁྲིམས་སྐྱོང་གི་དྲོད་ཁོལ་གནད་ལ་འཁེལ་བའི་སྒོ་ནས་མང་ཚོགས་ཀྱི་གམ་དུ་བསྐྱལ།    

ཐེམ་ཆེན་རྫོང་མི་དམངས་ཁྲིམས་ཁང་གིས“འབྲོག་རའི་བར་འདུམ་ཁྲིམས་རའི”འགན་ནུས་རྒྱུན་མཐུད་ངང་ཇེ་ལེགས་སུ་བཏང་ནས། “སྲིད་ཇུས་སྒྲོག་བཤད་དང་སྐོར་སྐྱོད་འདྲི་གཅོད། ཁྲིམས་སྐྱོང་ཞབས་ཞུ་བཅས་མཉམ་འབྲེལ”བྱེད་སྒོ་རྒྱུན་རྣམ་ཅན་དུ་སྐུལ་འདེད་བཏང་ནས། ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོའི་དགོངས་དོན་དང་ཁྲིམས་འཛིན་ལས་ཀ་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་བཏང་། འབྲོག་ཁུལ་མང་ཚོགས་ཀྱི་བྲེལ་དཀའ་ཁྲལ་སྒུག་གི་གནད་དོན་ལ་དམིགས་ཏེ་སྤུས་ལེགས་ཀྱི་ཁྲིམས་འཛིན་ཞབས་ཞུར་བརྟེན་ནས་འབྲོག་ཁུལ་གྱི་ཐོན་ལས་དར་རྒྱས་དང་སྐྱེ་ཁམས་བདེ་སྡོད་ལ་འགན་སྲུང་བྱས་ཏེ། མཛེས་སྡུག་ལྡན་པའི་འབྲོག་ཁུལ་འཛུགས་སྐྲུན་དང་གྲོང་གསེབ་དར་རྒྱས་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་ཆེད་ཁྲིམས་སྐྱོང་གི་འགན་སྲུང་བརྟན་པོ་འདོན་སྤྲོད་བྱས་ཡོད།    

 

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།