མཚོ་སྔོན་གྱི་ཐེངས48པའི་དམངས་ཡོངས་ཀྱི་འོས་འགན་སྡོང་འཛུགས་བྱེད་སྒོ་སྤེལ་མགོ་ཚུགས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

 

​ཟླ་3པའི་ཚེས12ཉིན། ཞིང་ཆེན་ལྗང་བསྒྱུར་ཨུ་ཡོན་ལྷན་ཁང་གཞུང་དོན་ཁང་དང་ཞིང་ཆེན་ནགས་ལས། རྩྭ་ཐང་ཅུས་བཅས་ཀྱིས་ཟི་ལིང་དུ“ང་ཡིས་མཚོ་སྔོན་དུ‘བླ་ཤིང’འཛུགས་པའི”བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་བ་དང་། 2026ལོའི་དམངས་ཡོངས་ཀྱི་འོས་འགན་སྡོང་འཛུགས་བྱེད་སྒོ་རབ་དང་རིམ་པ་ཁྱོན་ཡོངས་ནས་སྤེལ་མགོ་ཚུགས། བྱེད་སྒོ་འདིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ལག་བསྟར་དོན་འཁྱོལ་བྱས་པ་དང་།“བྱང་གསུམ”བཟོ་སྐྲུན་འགག་སྒྲོལ་བྱ་བའི་དཔྱིད་དུས་ཀྱི་འབད་འཐབ་བླང་བྱར་དམ་པོར་དམིགས་ནས། སྤྱི་ཚོགས་ལས་རིགས་ཁག་རྒྱལ་ཁབ་ཀྱི་ས་ཁོངས་ལྗང་བསྒྱུར་ནང་ཞུགས་པར་རྒྱ་ཁྱབ་ངང་སྐུལ་སློང་བྱས་ཏེ། ལག་ལེན་དངོས་ལ་བརྟེན་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་ཡོལ་བརྟན་པོ་བཙུགས་ནས་མཛེས་སྡུག་ལྡན་པའི་མཚོ་སྔོན་གྱི་ལྗང་མདོག་གི་རང་མདངས་སྔར་བས་ཇེ་གསལ་དུ་གཏོང་རྒྱུ་རེད།

སྡོང་འཛུགས་དུས་ཆེན་གྱི་སྐབས་སུ། ཞིང་ཆེན་ཡོངས་ཀྱི་ས་གནས་ཁག་གིས་བཙུགས་པའི་དམངས་ཡོངས་ཀྱི་འོས་འགན་སྡོང་འཛུགས་རྟེན་གཞི49གཞིར་བཟུང་ནས་མང་ཚོགས་ལ“རང་ཁྱིམ་གྱི་སྒོ་ཁར”ལྗང་བསྒྱུར་སྡོང་འཛུགས་ཀྱི་འགན་འཁྲི་སྒྲུབ་པའི་སྟེགས་བུ་བསྐྲུན་པ་དང་། རྟེན་གཞི་དེ་ལ་རྒྱལ་དབང་ནགས་ར་དང་། གྲོང་ཁྱེར་སྤྱི་གླིང་། སྐྱེ་ཁམས་གླིང་ཁུལ་སོགས་རིགས་སྣ་ཚོགས་ལ་ཁྱབ་ཡོད་པས་སྤྱི་དམངས་ཀྱིས་ཁོངས་གཏོགས་ས་ཁུལ་གྱི་རྟེན་གཞི་དང་ཐད་ཀར་འབྲེལ་མཐུད་བྱས་ཏེ། ཡུལ་དངོས་ནས་ལྗང་མྱུག་འཛུགས་པ་དང་། ལྗང་མྱུག་གསོ་སྐྱོང་། ལྗང་མདོག་ས་ཁུལ་གྱི་དོ་དམ་སྲུང་སྐྱོང་སོགས་འོས་འགན་སྡོང་འཛུགས་ཀྱི་འགན་འཁྲི་སྒྲུབ་པའི་ལས་འགུལ་ནང་ཞུགས་ཆོག དེ་དང་ཆབས་ཅིག་ས་གནས་ཁག་གིས་སྐྱེ་ཁམས་ཚན་རིག་ཁྱབ་གདལ་ཀྱི་ཞིབ་འཇུག་སློབ་སྦྱོང་དང་། ལྗང་མདོག་སྲུང་སྐྱོང་གི་དང་བླངས་འགུལ་སྐྱོད། བརྗོད་དོན་ནགས་བསྐྲུན་སོགས་ཀྱི་ཁྱད་ལྡན་བྱེད་སྒོ་ སྤེལ་ནས། གཞོན་ནུ་ལོ་ཆུང་དང་དེ་བཞིན་སྤྱི་ཚོགས་ལས་རིགས་ཁག་གིས་རང་འགུལ་ངང་སྡོང་འཛུགས་རྩྭ་འདེབས་དང་། ལྗང་མདོག་སྲུང་སྐྱོབ། ལྗང་མདོག་བརྒྱུད་སྤེལ་བཅས་ཀྱི་ལག་ལེན་མཁན་དུ་འགྱུར་བར་སྐུལ་ཁྲིད་བྱས་ནས། ལྗང་མདོག་ལ་དགའ་བ་དང་ལྗང་མདོག་ལ་སྲུང་སྐྱོབ་བྱེད་པའི་དཔལ་ཡོན་ཅན་གྱི་དར་སྲོལ་གསར་བ་མཐོ་སྒང་དུ་ཆགས་པར་བྱེད་དགོས།

“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”ཚུན་ལ། མཚོ་སྔོན་གྱིས་ལོ་རེར་ཆ་སྙོམས་འོས་འགན་སྡོང་བོ་རྐང་བྱེ་བ་གཅིག་དང་ས་ཡ་ལྔའི་ཡན་འདེབས་འཛུགས་ཡོངས་འགྲུབ་བྱས་པ་དང་། དེའི་ནང་ཞུགས་མཁན་མི་གྲངས་མི་ཐེངས་ས་ཡ་གསུམ་ལས་བརྒལ། རིམ་བརྩིས་བྱས་ན། རྒྱལ་ཁོངས་ཀྱི་ས་མུའུ་བྱེ་བ་གཉིས་དང་ས་ཡ་བརྒྱད་འབུམ་གཅིག་ཁྲི་གསུམ་ལྗང་བསྒྱུར་ཡོངས་འགྲུབ་བྱས། 2026ལོར་ཞིང་ཆེན་ཡོངས་ཀྱིས་རྒྱལ་ཁོངས་ཀྱི་ས་མུའུ་ས་ཡ་བཞི་དང་འབུམ་ལྔའི་ཡན་ལྗང་བསྒྱུར་བྱེད་པ་དང་འོས་འགན་སྡོང་འཛུགས་སྡོང་རྐང་བྱེ་བ་གཅིག་དང་ས་ཡ་ལྔའི་ཡན་ཡོངས་འགྲུབ་བྱེད་པའི་འཆར་གཞི་ཡོད།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།