ཟླ3པའི་ཚེས17ཉིན། གསར་འགོད་པས་ནུབ་བྱང་མི་རིགས་སློབ་ཆེན་ནས་རྒྱུས་ལོན་བྱས་པ་ལྟར་ན། 2005ལོ་ནས2025ལོའི་ལོ་མཇུག་བར་ཏེ་ལོ་ངོ20རིང་། ནུབ་བྱང་མི་རིགས་སློབ་ཆེན་དང་ཧྲང་ཧའེ་གནའ་དཔེ་དཔེ་སྐྲུན་ཁང་གིས་དབྱིན་ཇིའི་རྒྱལ་གཉེར་དཔེ་མཛོད་ཁང་དང་ཧྥ་རན་སེའི་རྒྱལ་གཉེར་དཔེ་མཛོད་ཁང་དང་མཉམ་འབྲེལ་སྒོས་རྩོམ་སྒྲིག་བྱས་པའི《དབྱིན་ཇིའི་རྒྱལ་གཉེར་དཔེ་མཛོད་ཁང་དུ་ཉར་བའི་ཏུན་ཧོང་དང་ནུབ་ལྗོངས་ཀྱི་བོད་ཡིག་ཡིག་ཚགས》དང《ཧྥ་རན་སེའི་རྒྱལ་གཉེར་དཔེ་མཛོད་ཁང་དུ་ཉར་བའི་ཏུན་ཧོང་བོད་ཡིག་ཡིག་ཚགས》ཚང་མ་ལེགས་སྒྲིག་བྱས་ཏེ་པར་དུ་བསྐྲུན།

ནུབ་བྱང་མི་རིགས་སློབ་ཆེན་ཕྱི་རྒྱལ་མི་རིགས་ཡིག་ཆ་ཞིབ་འཇུག་ཁང་གི་མགོ་གཙོ། དགེ་རྒན་ཆེན་མོ་ཚེ་རིང་གིས་བཤད་རྒྱུར།དབྱིན་ཇི་དང་ཧྥ་རན་སེའི་རྒྱལ་གཉེར་དཔེ་མཛོད་ཁང་དུ་ཉར་བའི་ཏུན་ཧོང་བོད་ཡིག་ཡིག་ཚགས་ཁྱོན་དེབ61ཡོད། དེའི་ནང《ཧྥ་རན་སེའི་རྒྱལ་གཉེར་དཔེ་མཛོད་ཁང་དུ་ཉར་བའི་ཏུན་ཧོང་བོད་ཡིག་ཡིག་ཚགས》ཁྱོན་དེབ35ཡོད་ཅིང་། 2021ལོར་པར་དུ་བསྐྲུན། 《དབྱིན་ཇིའི་རྒྱལ་གཉེར་དཔེ་མཛོད་ཁང་དུ་ཉར་བའི་ཏུན་ཧོང་དང་ནུབ་ལྗོངས་ཀྱི་བོད་ཡིག་ཡིག་ཚགས》ཁྱོན་དེབ26ཡོད་ཅིང་། 2025ལོར་ཚང་མ་པར་དུ་བསྐྲུན།
ངོ་སྤྲོད་བྱས་པར་གཞིགས་ན། 2005ལོར། ནུབ་བྱང་མི་རིགས་སློབ་ཆེན་དང་ཧྲང་ཧའེ་གནའ་དཔེ་དཔེ་སྐྲུན་ཁང་གཉིས་ཀྱིས་གྲོས་མཐུན་བཞག་ནས《དབྱིན་ཇིའི་རྒྱལ་གཉེར་དཔེ་མཛོད་ཁང་དུ་ཉར་བའི་ཏུན་ཧོང་དང་ནུབ་ལྗོངས་ཀྱི་བོད་ཡིག་ཡིག་ཚགས》དང《ཧྥ་རན་སེའི་རྒྱལ་གཉེར་དཔེ་མཛོད་ཁང་དུ་ཉར་བའི་ཏུན་ཧོང་བོད་ཡིག་ཡིག་ཚགས》མཉམ་དུ་རྩོམ་སྒྲིག་དཔེ་སྐྲུན་བྱས་པ་དང་། ལོ་དེར་སློབ་གྲྭས་ཆེད་དུ་ཕྱི་རྒྱལ་གྱི་མི་རིགས་ཡིག་ཆ་ཞིབ་འཇུག་ཁང་བཙུགས་ཏེ། ཕྱི་རྒྱལ་གྱི་ཏུན་ཧོང་བོད་ཀྱི་ཡིག་ཆ་ལེགས་སྒྲིག་དཔེ་སྐྲུན་དང་ཞིབ་འཇུག་གི་བྱ་བའི་འགན་ཁུར།
ནུབ་བྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་བཀྲ་ཤིས་དོན་གྲུབ་ཀྱིས་བཤད་རྒྱུར། ཞིབ་འཇུག་ཚོགས་པས་འབྲེལ་ཡོད་ཚད་ལྡན་ཡིག་ཆ་ཕྱོགས་ཡོངས་དང་བརྒྱུད་རིམ་ལྡན་པའི་ངང་བསྡུས་པའི་རྨང་གཞིའི་ཐོག དེབ་གྲངས་དང་ནང་དོན་མང་བ། ཡི་གེ་ཆ་མི་ཚང་བ། ཡིག་གཟུགས་མི་གསལ་བ། ནང་དོན་གོ་དཀའ་བའི་ཚད་ལྡན་ཡིག་ཆ་དེ་དག་ལ་རེ་རེ་བཞིན་ཁུངས་འཚོལ་ར་སྤྲོད་བྱས་ནས་རྒྱ་བོད་སྐད་གཉིས་ལམ་ནས་མིང་གཏན་འཁེལ་བྱས་ཡོད་ཅེས་བཤད་པ་རེད།

ཏུན་ཧོང་བོད་ཀྱི་གནའ་བོའི་ཡིག་ཆ་ནི་ད་ཡོད་ཤེས་རྟོགས་བྱུང་བའི་གནའ་བོའི་ཤོག་བུའི་བོད་ཡིག་གི་ཚད་ལྡན་ཡིག་ཆ་ཞིག་ཡིན་པ་དང་། དེའི་ནང་དོན་ཁྲོད་ནང་བསྟན་གྱི་གསུང་རབ་དང་། ལོ་རྒྱུས་ཀྱི་བརྩམས་ཆོས། གན་རྒྱའི་ཡིག་ཆ། སྲིད་དོན་ཡིག་ཆ། བཅའ་ཁྲིམས་ཀྱི་དོན་ཚན་སོགས་ཚུད་ཡོད་པ་དང་། སྤུར་རྒྱལ་གྱི་ལོ་རྒྱུས་དང་ཆབ་སྲིད། དཔལ་འབྱོར། རིག་གནས་སོགས་ཁྱབ་ཁོངས་མང་པོ་དང་འབྲེལ་བ་ཡོད་པས། སྤུར་རྒྱལ་ལོ་རྒྱུས་རིག་གནས་ལ་ཞིབ་འཇུག་བྱེད་པའི་རྩ་ཆེའི་ལོ་རྒྱུས་དཔྱད་ཡིག་ཅིག་རེད། དེའི་ནང་དབྱིན་ཇི་དང་ཧྥ་རན་སེ་ཡི་ཏུན་ཧོང་བོད་ཀྱི་གནའ་བོའི་ཡིག་ཆའི་ནང་དོན་ཕུན་སུམ་ཚོགས་ཤིང་། རིག་གཞུང་གི་རིན་ཐང་ཆེས་མཐོ་བས་སྤུར་རྒྱལ་ལོ་རྒྱུས་རིག་གནས་ལ་ཞིབ་འཇུག་བྱེད་པའི་དཔྱད་གཞི་དང་པོ་རེད་ཅེས་བརྗོད་ཆོག