“3·15”རྒྱལ་སྤྱིའི་འཛད་སྤྱོད་པའི་ཁེ་དབང་ཉིན་མོ་སླེབས་ལ་ཉེ་བའི་སྐབས་སུ། ཞིང་ཆེན་མེ་ཟོན་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག་གིས་ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་དང་མཉམ་དུ། “3·15”མེ་ཟོན་ཐོན་རྫས་ཀྱི་སྤུས་ཚད་ལྟ་སྐུལ་གྱི་ཆེད་དོན་བྱ་སྤྱོད་སྤེལ། ད་ཐེངས་ཀྱི་བྱ་སྤྱོད་དེ་མེ་ཟོན་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ལ་དམིགས་ནས་ཐོན་རྫས་རྫུན་མ་སྤུས་ཞན་ལ་རྡུང་རྡེག་ནན་མོ་བཏང་སྟེ། མེ་ཟོན་ཐོན་རྫས་ཁྲོམ་རའི་སྒྲིག་ལམ་སྔར་ལས་ཚད་ལྡན་དུ་བཏང་ནས། མེ་ཟོན་བདེ་འཇགས་ཀྱི་འགོག་སྲུང་ལྕགས་རི་བཀན་མོ་བསྐྲུན།
བྱེད་སྒོའི་ཁྲོད། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་མེ་ཟོན་རོགས་སྐྱོབ་སྡེ་ཁག་གིས་ཁྲོམ་ར་ལྟ་སྐུལ་དོ་དམ་སྡེ་ཁག་དང་མཉམ་འབྲེལ་བྱས་ཏེ། མེ་ཟོན་ཐོན་རྫས་ཐོན་སྐྱེད་ཁེ་ལས་དང་ཕྱིར་ཚོང་ཐབས་ལམ། ཚོང་ར་ཆེ་གྲས་བཅས་ལ་དམིགས་ནས་ཆེད་དོན་ཞིབ་བཤེར་བྱས། གཙོ་བོ་མེ་གསོད་ཡོ་བྱད་དང་འཕྲལ་བསྟུན་གློག་སྒྲོན། ཁ་འགྲེམས་མཛུབ་སྟོན་མཚོན་རྟགས་སོགས་རྒྱུན་སྤྱོད་མེ་གསོད་ཡོ་བྱད་ལ་ཞིབ་བཤེར་བྱེད་པ་དང་། ཕྱི་ཚུལ་ཞིབ་བཤེར་དང་རྩ་གཉིས་ཨང་རྟགས་ཞིབ་བཤེར་བྱེད་པ། ཐོན་རྫས་ཀྱི་ཆོག་མཆན་བཀོད་རྟགས་ཞིབ་བསྡུར་བྱེད་པ། བྱེད་ནུས་ཚད་ལེན་ཚོད་ལྟ་བཅས་རྒྱལ་ཁབ་ཀྱི་ཚད་གཞིར་ལོན་ཡོད་མེད་ལ་བལྟས། ཞིབ་བཤེར་བྱེད་པའི་སྐབས་སུ། ཁྲིམས་འཛིན་མི་སྣས་འབྲེལ་ཡོད་ལས་ཁུངས་ཀྱི་ཐོན་རྫས་ཕྱིར་ཚོང་གི་སྤུས་ཚད་འགག་སྒོ་ནན་འཛིན་བྱས་ནས། ཐོན་རྫས་སྤུས་ཞན་ཡག་བསྒྱུར་དང་རྫུན་མ་བདེན་མར་བསྒྱུར་བ་སོགས་ཀྱི་ཁྲིམས་འགལ་བྱེད་སྤྱོད་མཐའ་གཅིག་ཏུ་གཏན་འགོག་བྱས་ཏེ། ཚད་གཞི་མ་ལོན་པའི་མེ་ཟོན་ཐོན་རྫས་ཁྲོམ་རར་བཏོན་ནས་མེ་སྐྱོན་བཟོ་བཞིན་པའི་འགལ་རྐྱེན་ལ་ཞིབ་བཤེར་ནན་མོ་བྱས། དུས་མཚུངས་སུ། མེ་གསོད་ཡོ་བྱད་ཞིག་གསོའི་ལས་ཁུངས་ལ་ཆེད་དོན་ཞིབ་བཤེར་བྱས་ནས། ཚོང་པར་མེ་གསོད་ཡོ་བྱད་བརྗེ་རེས་ཀྱི་འབྲེལ་ཡོད་གཏན་འབེབས་ལག་བསྟར་ནན་མོ་བྱས་ཏེ། མེ་གསོད་བདེ་འཇགས་ཀྱི་འགག་སྒོ་མཐའ་གཅིག་ཏུ་སྲུང་དགོས་པའི་བླང་བྱ་བཏོན།
དུས་མཚུངས་སུ། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་མེ་ཟོན་རོགས་སྐྱོབ་སྡེ་ཁག་གིས་ཡུལ་དངོས་ཀྱི་དྲིལ་བསྒྲགས་བྱེད་སྒོའི་ཁྲོད་དུ། མེ་ཟོན་ཐོན་རྫས་བློ་འདྲིའི་ཆེད་དོན་ཁུལ་བཙུགས་ནས། མེ་ཟོན་ཐོན་རྫས་བདེན་རྫུན་གྱི་དངོས་རྫས་བསྡུར་བ་དང་འགྲེམས་སྟོན་བྱས་པ་བརྒྱུད། ཕར་འགྲོ་ཚུར་འོང་བྱེད་མཁན་མང་ཚོགས་ལ་མེ་གསོད་ཡོ་བྱད་དང་འཕྲལ་བསྟུན་གློག་སྒྲོན། མེ་ཟོན་ཆུ་ཐག་སོགས་རྒྱུན་སྤྱོད་ཐོན་རྫས་བདེན་རྫུན་ཡིན་མིན་ལ་དབྱེ་འབྱེད་བྱེད་ཐབས་བསླབས།