ཞི་ཅིན་ཕིང་གིས་ཧྥ་རན་སེའི་རྒྱལ་སྤྱིའི་སློབ་གྲྭའི་རྒྱའི་སྐད་ཡིག་འཛིན་གྲྭའི་དགེ་སློབ་རྣམས་ལ་འཕྲིན་ལན་སྤྲིངས།

ཡོང་ཁུངས། ཞིན་ཧྭ་གསར་འགྱུར་ཁང་།

ཉེ་ལམ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྥ་རན་སེའི་ཕུའུ་ལུའོ་ཝང་སིའི་ཨར་པེ་སིའི་མཚོ་ངོགས་སྔོན་པོའི་ཁུལ་ཆེན་གྱི་རྒྱལ་སྤྱིའི་སློབ་གྲྭའི་རྒྱའི་སྐད་ཡིག་འཛིན་གྲྭའི་དགེ་སློབ་རྣམས་ལ་འཕྲིན་ལན་སྤྲིངས་ནས་ཁོ་ཚོ་དང་སློབ་གྲྭའི་དགེ་སློབ་ཡོངས་ལ་སྨོན་འདུན་ཡག་པོ་ཞུས།

ཞིས་ཅིན་ཕིང་གིས་བསྟན་དོན། རྒྱའི་སྐད་ཡིག་གིས་ཀྲུང་ཧྭའི་ལོ་ངོ5000གི་ཤེས་རིག་ཐེག་ཐུབ་ཡོད་ཅིང་། རྒྱ་ཡིག་ཆུང་ཆུང་གི་ཁྲོད་དུ་ལོ་རྒྱུས་ཀྱི་བློ་གྲོས་ཆེན་པོ་འདུ། རྒྱའི་སྐད་ཡིག་སློབ་སྦྱོང་བྱས་ན་གནའ་བོའི་དེང་རབས་ཀྱི་ཀྲུང་གོར་རྒྱུས་ལོན་བྱེད་རྒྱུར་ཕན་པ་ཡོད་ལ། ཀྲུང་ཧྥ་རྒྱལ་ཁབ་གཉིས་ཀྱི་སྔར་ལས་མཛེས་སྡུག་ལྡན་པའི་མ་འོངས་པར་བསྐྱོད་པའི་ལྕགས་ཟམ་འཛུགས་པར་ཡང་ཕན་འདོགས་ཐུབ།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཁྱེད་ཚོ་དང་ཧྥ་རན་སེ། ཡོ་རོབ་ཀྱི་ན་གཞོན་ལོ་ཆུང་སྔར་ལས་མང་པོ་ཀྲུང་གོར་སློབ་སྦྱོང་དང་འཚམས་འདྲི། ཡུལ་སྐོར་བྱེད་དུ་ཡོང་བར་དགའ་བསུ་ཞུ་བཞིན་ཡོད་པ་དང་། ཕྱོགས་ཡོངས་དངོས་བདེན་དང་སྒོ་འབྱེད་ཡར་ཐོན་གྱི་ཀྲུང་གོར་དངོས་སུ་རྒྱུས་ལོན་དང་ཉམས་ལེན་བྱས་ནས། རྒྱའི་སྐད་ཡིག་དེ་ཁྱེད་ཚོའི་མི་ཚེ་དང་འགྲོགས་ནས་འཚར་ལོངས་འབྱུང་བའི་གྲོགས་པོ་ཞིག་ཏུ་འགྱུར་བར་བྱ་དགོས།

ཞི་ཅིན་ཕིང་གིས་བསྟན་དོན། ད་ལོ་ནི་ཀྲུང་གོའི་ལུགས་རྙིང་གི་རྟ་ལོ་ཡིན་པ་དང་། རྟ་ནི་བློ་རྩ་བརྟན་པོ་དང་སྙིང་སྟོབས་ཆེན་པོ། ཡར་རྒྱས་བརྩོན་ལེན་བཅས་ཀྱི་མཚོན་རྟགས་ཡིན། སློབ་གྲོགས་ཚོ་ཀྲུང་གོ་དང་ཧྥ་རན་སེ་དང་། ཀྲུང་གོ་དང་ཡོ་རོབ་བར་གྱི་མཛའ་མཐུན་མཉམ་ལས་ལ་སྐུལ་འདེད་གཏོང་བའི་རྐང་འཛིན་མི་སྣར་འགྱུར་རྒྱུའི་ཐུགས་རེ་བཅངས་ཡོད།

ཉེ་སྔོན། ཧྥ་རན་སེའི་ཕུའུ་ལུའོ་ཝང་སིའི་ཨར་པེ་སིའི་མཚོ་ངོགས་སྔོན་པོའི་ཁུལ་ཆེན་གྱི་རྒྱལ་སྤྱིའི་སློབ་གྲྭའི་རྒྱའི་སྐད་ཡིག་འཛིན་གྲྭའི་དགེ་སློབ་ཀྱི་འཐུས་ཚབ་པས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་འཕྲིན་ཡིག་སྤྲིངས་ནས་རྒྱའི་སྐད་ཡིག་སློབ་སྦྱོང་གི་མྱོང་ཚོར་དང་ཀྲུང་གོའི་རིག་གནས་ལ་བཅངས་པའི་་དགའ་ཞེན་མཉམ་སྤྱོད་བྱས་ཏེ། ཀྲུང་ཧྥའི་ན་གཞོན་ལོ་ཆུང་བར་གྱི་སྤེལ་རེས་ཇེ་ཟབ་ཏུ་གཏོང་བ་དང་ཀྲུང་ཧྥའི་སྲོལ་རྒྱུན་མཛའ་མཐུན་ཇེ་དམ་དུ་གཏོང་བའི་འདུན་པ་བཟང་པོ་མཚོན་པར་བྱས་ཡོད།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།