ཚེས11ཉིན་གྱི་ཕྱི་དྲོར། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པའི་ཀྲུའུ་ཞིའི་ཚོགས་པས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་གྲོས་ཚོགས་ཐེངས་གསུམ་པ་བསྡུས།
ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ཀྲའོ་ལེ་ཅི་ཡིས་གྲོས་ཚོགས་ལ་འགོ་འཛིན་མཛད།
ཟླ3པའི་ཚེས10ཉིན་གྱི་ཕྱི་དྲོར། འཐུས་ཚབ་ཚོགས་པ་སོ་སོས་སྐྱེ་ཁམས་ཁོར་ཡུག་ཁྲིམས་གཞུང་འཆར་ཟིན་གྱི་བཟོ་བཅོས་མ་ཟིན་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་བཅའ་ཁྲིམས་འཆར་ཟིན་གྱི་བཟོ་བཅོས་མ་ཟིན། རྒྱལ་ཁབ་འཕེལ་རྒྱས་འཆར་འགོད་བཅའ་ཁྲིམས་འཆར་ཟིན་གྱི་བཟོ་བཅོས་མ་ཟིན་བཅས་ལ་གྲོས་ཞིབ་ནན་མོ་བྱས། རྒྱལ་ཡོངས་དམངས་ཆེན་རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གིས་འཐུས་ཚབ་ཚོགས་པ་སོ་སོའི་གྲོས་ཞིབ་བསམ་འཆར་གཞིར་བཟུང་ནས། འཆར་ཟིན་གསུམ་གྱི་བཟོ་བཅོས་མ་ཟིན་ལ་གྲོས་ཞིབ་བྱས་ནས་བརྡས་ཐག་འཆར་ཟིན་བཏོན། ཀྲུའུ་ཞི་ཚོགས་པའི་གྲོས་ཚོགས་ཐོག་རྒྱལ་ཡོངས་དམངས་ཆེན་རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་ཞིན་ཁྲུན་དབྱིང་གིས་སོ་སོར་ཕུལ་བའི་རྒྱལ་ཡོངས་དམངས་ཆེན་རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི་སྐྱེ་ཁམས་ཁོར་ཡུག་ཁྲིམས་གཞུང་འཆར་ཟིན་གྱི་བཟོ་བཅོས་མ་ཟིན་གྱི་བཟོ་བཅོས་བསམ་འཆར་སྐོར་གྱི་སྙན་ཞུ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་བཅའ་ཁྲིམས་འཆར་ཟིན་གྱི་བཟོ་བཅོས་མ་ཟིན་གྱི་བཟོ་བཅོས་བསམ་འཆར་སྐོར་གྱི་སྙན་ཞུ། རྒྱལ་ཁབ་འཕེལ་རྒྱས་འཆར་འགོད་བཅའ་ཁྲིམས་འཆར་ཟིན་གྱི་བཟོ་བཅོས་མ་ཟིན་གྱི་བཟོ་བཅོས་བསམ་འཆར་སྐོར་གྱི་སྙན་ཞུ་བཅས་ལ་ཉན། གྲོས་ཚོགས་ཐོག་བརྡས་ཐག་བཅད་པ་བརྒྱུད། གོང་གསལ་གྱི་སྙན་ཞུ་དང་འཆར་ཟིན་བརྡས་གཅོད་མ་ཡིག་ལ་གྲོས་འཆམ་བྱུང་ནས། འཆར་ཟིན་བརྡས་གཅོད་མ་ཡིག་གསུམ་ཚོགས་ཆེན་གྱི་ཚང་འཛོམས་གྲོས་ཚོགས་ལ་བརྡས་ཐག་གཅོད་རྒྱུར་འབུལ་རྒྱུ་གཏན་ཁེལ་བྱས།
ཟླ3པའི་ཚེས9ཉིན་གྱི་ཕྱི་དྲོ་དང་ཚེས11ཉིན་གྱི་སྔ་དྲོར། འཐུས་ཚབ་ཚོགས་པ་སོ་སོས་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་ལ་ནན་ཏན་གྱིས་གྲོས་ཞིབ་བྱས། འཐུས་མི་ཚོས་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འདས་ཟིན་པའི་ལོ་གཅིག་གི་བྱ་བ་ལ་གདེང་འཇོག་གང་ལེགས་བྱས་ཤིང་། རྗེས་མའི་ལོ་གཅིག་གི་བྱ་བའི་བཀོད་སྒྲིག་ལ་འཐད་པ་ཡིན་པ་བསྟན། གྲོས་ཞིབ་བྱེད་པའི་སྐབས་སུ། འཐུས་མི་ཚོས་སྙན་ཞུ་དང་དམངས་ཆེན་གྱི་བྱ་བའི་ཐད་བསམ་འཆར་དང་གྲོས་གཞི་འགའ་བཏོན་པ་དང་། ཨུ་ཡོན་ཀྲང་གྲོས་ཚོགས་ལས་འཐུས་མི་རྣམས་ཀྱི་གྲོས་ཞིབ་བསམ་འཆར་ལ་ཞིབ་འཇུག་ནན་ཏན་བྱས་ནས་སྙན་ཞུར་བཟོ་བཅོས་བྱས། ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞིས་འཐུས་མི་ཚོའི་གྲོས་ཞིབ་བསམ་འཆར་དང་སྙན་ཞུར་བཟོ་བཅོས་བྱས་ཚུལ་ལ་གཞིགས་ཏེ། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་ལ་ཆོག་མཆན་སྤྲོད་རྒྱུའི་གྲོས་གཞི་བཏོན་པ་དང་། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་སྐོར་གྱི་གྲོས་ཆོད་འཆར་ཟིན་ཚབ་འགོད་བྱས། གྲོས་ཚོགས་ཐོག་བརྡས་ཐག་བཅད་པ་བརྒྱུད། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པའི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་སྐོར་གྱི་གྲོས་ཆོད་འཆར་ཟིན་དེ་འཐུས་ཚབ་ཚོགས་པ་སོ་སོ་ལ་གྲོས་ཞིབ་བྱེད་པར་འབུལ་རྒྱུ་གཏན་ཁེལ་བྱས།
ཟླ3པའི་ཚེས10ཉིན་གྱི་ཉིན་གང་བོ་དང་ཚེས11ཉིན་གྱི་སྔ་དྲོར། འཐུས་ཚབ་ཚོགས་པ་སོ་སོས་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་བྱ་བའི་སྙན་ཞུ་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུ་ལ་ནན་ཏན་གྱིས་གྲོས་ཞིབ་བྱས། འཐུས་མི་ཚོས་ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བ་ལ་གདེང་འཇོག་གང་ལེགས་བྱས་ཤིང་། རྗེས་མའི་ལོ་གཅིག་གི་བྱ་བའི་བཀོད་སྒྲིག་ལ་འཐད་པ་ཡིན་པ་བསྟན། གྲོས་ཞིབ་བྱེད་པའི་སྐབས་སུ། འཐུས་མི་ཚོས་བསམ་འཆར་དང་གྲོས་གཞི་འགའ་བཏོན།