མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ3པའི་ཚེས11ཉིན། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པར་ཞུགས་པའི་མཚོ་སྔོན་འཐུས་ཚབ་ཚོགས་པའི་ཚོགས་གཙོ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝུའུ་ཞའོ་ཅུན་དང་། མཚོ་སྔོན་འཐུས་ཚབ་ཚོགས་པའི་ཚོགས་གཙོ་གཞོན་པ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལུའོ་ཏུང་ཁྲོན་གཉིས་འཐུས་ཚབ་ཚོགས་པའི་སྡོད་གནས་སུ་སོང་ནས་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དྲིལ་སྒྲོག་བྱ་བར་ཞུགས་པའི་ཀྲུང་དབྱང་དང་ཞིང་ཆེན་ནང་ཁུལ་གྱི་སྨྱན་སྦྱོར་གསར་འགྱུར་བྱ་བ་སྒྲུབ་མཁན་ལ་འཚམས་འདྲི་བྱས།
རྒྱལ་ཡོངས་ཚོགས་ཆེན་གཉིས་འཚོགས་པ་ནས་བཟུང་། མི་དམངས་ཉིན་རེའི་ཚགས་པར་ཁང་དང་ཞིན་ཧྭ་གསར་འགྱུར་ཁང་། ཀྲུང་དབྱང་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་སོགས་ཀྲུང་དབྱང་དང་རྒྱལ་ཁབ་ཕྱི་ནང་གི་སྨྱན་སྦྱོར་གཙོ་བོས་མཚོ་སྔོན་ལ་དམིགས་ནས་མཚོ་སྔོན་གྱི་སྣང་བརྙན་མངོན་པའི་བརྩམས་ཆོས་རབ་དང་རིམ་པ་བཏོན་ཞིང་། མཚོ་སྔོན་ཉིན་རེའི་ཚགས་པར་ཁང་དང་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་སོགས་ཞིང་ཆེན་ནང་ཁུལ་གྱི་སྨྱན་སྦྱོར་གྱིས་མཉམ་དུ་ཤུགས་བཏོན་ནས་དུས་ཐོག་ཏུ་ཚོགས་ཆེན་གྱི་གྲོས་རིམ་ལྟར་མཉམ་འདྲེས་སྨྱན་སྦྱོར་བརྩམས་ཆོས་བཟང་བོ་སྐོར་ཞིག་སྤེལ་བ་དང་། ཚོགས་ཆེན་གྱི་ཕྱི་ནང་མཉམ་འགུལ་དང་། ཀྲུང་དབྱང་དང་ཞིང་ཆེན་གྱི་སྨྱན་སྦྱོར་གྱིས་ཕན་ཚུན་མཐུན་སྦྱོར། ཚགས་པར་དང་བརྙན་འཕྲིན་ཁང་། དྲ་ཚིགས་བཅས་མཉམ་བསྲེས་ཀྱི་ཐུན་མོང་འབད་འཐབ་འོག བརྒྱུད་སྒྲོག་གི་སྣང་ཚུལ་ལེགས་པོ་ཞིག་གྲུབ་པར་བྱས།
ཝུའུ་ཞའོ་ཅུན་དང་ལུའོ་ཏུང་ཁྲོན་གྱིས་ད་ལོའི་གསར་འགྱུར་ཁྱབ་བསྒྲགས་ཐད་བླངས་པའི་དྲིལ་སྒྲོག་གི་ཕན་འབྲས་བཟང་བོར་ཁས་ལེན་གང་ལེགས་བྱས་པར་མ་ཟད། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་། ཞིང་ཆེན་སྲིད་གཞུང་། ཞིང་ཆེན་སྲིད་གྲོས་བཅས་ཀྱི་ཚབ་བྱས་ཏེ་ཚང་མས་དཀའ་སྤྱད་འབད་འཐབ་བྱས་པར་བཀའ་དྲིན་ཞུས་པ་དང་། ཚང་མའི་ཆབ་སྲིད་ཀྱི་ལངས་གནས་མཐོན་པོ་དང་བསམ་པའི་སྙིང་སྟོབས་ལ་བསྟོད་བསྔགས་བྱས། ཝུའུ་ཞའོ་ཅུན་གྱིས་བཤད་རྒྱུར། རྒྱལ་ཡོངས་ཚོགས་ཆེན་གཉིས་ལ་རྒྱལ་ཡོངས་ནས་དོ་ཁུར་དང་འཛམ་གླིང་ཡོངས་ཀྱིས་བརྩི་མཐོང་བྱེད་བཞིན་ཡོད་པ་དང་། སྨྱན་སྦྱོར་སོ་སོའི་གསར་འགྱུར་ཁྱབ་བསྒྲགས་ལས་མཐོ་སྒང་གི་བུ་དང་བུ་མོའི་སེམས་འདུན་པེ་ཅིང་དུ་ཁྱེར་བ་དང་ཚོགས་ཆེན་གཉིས་ཀྱི་དགོངས་དོན་ཁྱིམ་ཚང་ཁྲི་སྟོང་མང་པོར་བརྒྱུད་སྒྲོག་བྱས་ཤིང་། ལྷག་པར་དུ་མཚོ་སྔོན་གྱི་གཏམ་རྒྱུད་བཟང་བོར་བཤད་དེ་ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངག་བཅོལ་ཡིད་ལ་དམ་པོར་བཟུང་ནས། བློ་བརྟན་འགྱུར་མེད་སྒོས་ཀྲུང་ཧྭའི་ཆུ་མཛོད་སྲུང་སྐྱོབ་པ་བཟང་བོ་བྱས་པ་དང་ཡུལ་བབ་དང་བསྟུན་ནས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་བཏང་བ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་བཏང་བ། དམངས་འཚོའི་བདེ་སྐྱིད་ཇེ་དྲག་ཏུ་བཏང་བ་བཅས་ཀྱི་གསོན་ཉམས་ལྡན་པའི་གཏམ་རྒྱུད་བཤད་དེ་མཚོ་སྔོན་འཕེལ་རྒྱས་ཀྱི་གནས་བབ་བཟང་བོ་མངོན་པར་བྱས།
ཝུའུ་ཞའོ་ཅུན་གྱིས་ནན་གྱིས་བསྟན་དོན། ད་ལོ་ནི་ལོ་ལྔའི་འཆར་འགོད་བཅོ་ལྔ་པ་འགོ་རྩོམ་པའི་ལོ་ཡིན་པས། སྔར་ལས་མང་པོའི་གཏམ་རྒྱུད་བཟང་བོ་དང་གསར་འགྱུར་བཟང་བོ། བརྩམས་ཆོས་བཟང་བོ་བཅས་ལ་བརྟེན་ནས་མི་སེམས་གཅིག་བསྡུས་དང་ཡིད་ཆེས་ཇེ་དྲག་ཏུ་གཏོང་དགོས། ཀྲུང་དབྱང་སྨྱན་སྦྱོར་གྱིས་སྔར་སྲོལ་ནང་བཞིན་མཚོ་སྔོན་གྱི་འཕེལ་རྒྱས་ལ་དོ་ཁུར་བྱས་ཏེ་མཚོ་སྔོན་གྱི་གཏམ་རྒྱུད་སྔར་ལས་མང་པོ་འཛམ་གླིང་གི་ས་ཁུལ་སོ་སོར་བརྒྱུད་སྒྲོག་བྱས་ནས་འཛམ་གླིང་གིས་མཚོ་སྔོན་ལ་ལྟ་བ་དང་མཚོ་སྔོན་ལ་རྒྱུས་ལོན་བྱེད་པ། མཚོ་སྔོན་དུ་ཡོང་བ་བཅས་བྱེད་དགོས། ཞིང་ཆེན་ནང་ཁུལ་གྱི་སྨྱན་སྦྱོར་གྱིས་མུ་མཐུད་དུ་འབད་འཐབ་བྱས་ཏེ་སྨྱུ་གུ་དང་བརྙན་མིག་སྔར་ལས་མང་པོར་བརྟེན་ནས་རིགས་སོ་སོའི་མི་དམངས་ཀྱིས་ཏང་གི་དྲིན་ཤེས་པ་དང་ཏང་གི་གསུང་ལ་ཉན་པ། ཏང་གི་རྗེས་སུ་འབྲངས་པའི་གསོན་ཉམས་ལྡན་པའི་གཏམ་རྒྱུད་བཤད་དགོས་པ་དང་། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་གསོན་ཉམས་ལྡན་པའི་ལག་ལེན་མངོན་པར་བྱེད་པ། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་བསམ་སྦྱོར་གཉིས་ཚོགས་ཆེན་གཉིས་ཀྱི་བཀོད་སྒྲིག་སྟེང་གཅིག་གྱུར་བྱེད་པར་ཁྲིད་སྟོན་བཅས་བྱས་ནས། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འགོ་བཟང་བོར་རྩོམ་པ་དང་དམིགས་འབེན་ལས་འགན་སྣ་ཚོགས་བདེ་བླག་ངང་མངོན་འགྱུར་བྱེད་པའི་ཐད་སྣང་ཚུལ་བཟང་བོ་དང་ཁོར་ཡུག་ལེགས་པོ་བསྐྲུན་དགོས།
ཝང་ཏ་ནན་དང་ཝང་ལི་མེང་། དབྱང་ཧྥེང་ཁྲུན་བཅས་ཀྱིས་མཉམ་དུ་འཚམས་འདྲི་བྱས།