ཟླ3པའི་ཚེས9ཉིན་གྱི་ཕྱི་དྲོར། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པར་ཞུགས་པའི་མཚོ་སྔོན་དུ་སྡོད་པའི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་རྣམས་ཀྱིས་སོ་སོར་རང་སོ་སོའི་ལས་རིགས་ཀྱི་ཚན་ཆུང་གྲོས་ཚོགས་ལ་ཞུགས་ནས་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་བྱ་བའི་སྙན་ཞུ་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུར་གྲོས་བསྡུར་ནན་མོ་བྱས།
རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་མགོན་པོ་བཀྲ་ཤིས་ཀྱིས་བཤད་རྒྱུར། འདྲི་གཅོད་དང་ཞིབ་དཔྱོད་བྱ་བ་ནི་ཏང་གི་འགོ་ཁྲིད་ལ་སྲུང་སྐྱོབ་དང་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་། མི་དམངས་ཀྱི་ཁེ་དབང་ལ་འགན་སྲུང་། སྤྱི་ཚོགས་ཀྱི་དྲང་གཞག་ལ་ཡར་སྐུལ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ་བཅས་ཀྱི་སྟོབས་ཤུགས་གཙོ་བོ་ཡིན། ཡོན་ཀྲང་ཀྲང་ཅུན་དང་ཞིབ་དཔྱོད་དཔོན་དབྱིན་ཡུང་གཉིས་ཀྱིས་སྤུས་ཚད་མཐོ་བའི་བྱ་བའི་སྙན་ཞུ་ལ་བརྟེན་ནས་དེའི་ཐད་ལན་བཟང་བོ་བཏབ་ཡོད། བྱ་བའི་སྙན་ཞུ་ལས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་རིམ་བྱུང་གི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཡོད་པ་དང་། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ལག་བསྟར་ཟབ་མོ་དང་། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་བསྩལ་བའི་འགན་འཁྲི་ལག་བསྟར་བཟང་བོ་བྱས་ཡོད་ལ། སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་དང་མི་དམངས་ཀྱི་ཆེད་དུ་ཁྲིམས་འཛིན་པ། ཁྲིམས་སྐྱོང་གི་ཆེད་དུ་འགན་འཁུར་བ་བཅས་རྒྱུན་འཁྱོངས་བྱས་ཡོད་པར་མ་ཟད། ཁྱད་ཆོས་དང་གྲུབ་འབྲས་འབུར་དུ་ཐོན་ཡོད་པ་དང་། ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་བློ་བརྟན་འགྱུར་མེད་སྒོས་གཏན་ཕབ་གཉིས་ལ་སྲུང་སྐྱོབ་དང་བློ་ཐག་རྦད་ཆོད་སྒོས་སྲུང་སྐྱོང་གཉིས་སྒྲུབ་ཐུབ་པར་བྱེད་པའི་ཆབ་སྲིད་ཀྱི་ལངས་གནས་དང་ལས་ཕྱོགས་བརྟན་པོ་གང་ལེགས་སྒོས་མངོན་པར་བྱས་ཡོད་ལ། ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གཉིས་ཀྱིས་རང་རྟོགས་སྒོས་ཁྲིམས་སྐྱོང་ལག་ལེན་བརྩི་སྲུང་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་ཞབས་འདེགས་ཞུ་བའི་འགན་འཁྲི་མངོན་པར་བྱས་ཡོད་པ་དང་། ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གཉིས་ཀྱིས་བཅོས་སྒྱུར་གསར་གཏོད་བྱེད་ཕོད་པ་དང་། ཁྲིམས་འཛིན་འདྲ་མཉམ་དྲང་གཞག་སྲུང་སྐྱོང་བྱེད་པའི་ཡར་རྒྱས་བརྩོན་ལེན་གྱི་སྙིང་སྟོབས་དང་འབད་འཐབ་ཀྱི་སྟོབས་ཤུགས་མངོན་པར་བྱས་ཡོད། ལོ་གསར་པའི་ནང་། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱིས་བློ་བརྟན་འགྱུར་མེད་སྒོས་ཁྲིམས་ཁང་དང་ཞིབ་དཔྱོད་ཁང་གི་བྱ་བར་རྒྱབ་སྐྱོར་བྱེད་པ་དང་། སྲིད་གྲོས་ཀྱི་དགེ་མཚན་འདོན་སྤེལ་གང་ལེགས་བྱས་ནས་འདྲི་གཅོད་ཞིབ་དཔྱོད་འགན་ནུས་ནུས་ཡོད་སྒོས་འདོན་སྤེལ་བྱེད་པར་རོགས་འདེགས་བྱས་ནས་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འགོ་བཟང་བོར་རྩོམ་པར་སྔར་ལས་ནུས་ཡོད་ཀྱི་ཁྲིམས་སྐྱོང་འགན་སྲུང་འདོན་སྤྲོད་བྱེད་ངེས་ཡིན་ཟེར།
གྲོས་བསྡུར་གྱི་སྐབས་སུ། ཨུ་ཡོན་རྣམས་ཀྱིས་རང་སྟེང་གི་བྱ་བ་དངོས་དང་ཟུང་འབྲེལ་བྱས་ཏེ་ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུའི་མྱོང་ཚོར་ཐད་ནས་གྲོས་བསྡུར་བྱས། ཚང་མས་གཅིག་གྱུར་སྒོས་རང་འཁྲིའི་ལས་འགན་ལ་རྐང་བཙུགས་ནས་སྲིད་གྲོས་ཨུ་ཡོན་གྱི་འབྲེལ་འདྲིས་རྒྱ་ཁྱབ་དང་རིག་སྟོབས་གཅིག་བསྡུས་ཀྱི་དགེ་མཚན་འདོན་སྤེལ་གང་ལེགས་བྱེད་པ་དང་། ཁྲིམས་སྐྱོང་འཛུགས་སྐྲུན་ཁྲོད་ཀྱི་གཙོ་གནད་དང་དཀའ་གནད་ལ་དམིགས་ནས་བརྟག་དཔྱད་ཞིབ་འཇུག་དང་བློ་འདོན་ཇུས་འབུལ་བཟང་བོ་བྱེད་པ། ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གཉིས་ཀྱི་བྱ་བའི་སྙན་ཞུའི་བཀོད་སྒྲིག་བླང་བྱ་དེ་མཚོ་སྔོན་གྱི་ལག་ལེན་དང་ཟུང་འབྲེལ་དམ་ཟབ་བྱེད་པ། ཁྲིམས་འཛིན་འདུ་ཤེས་དང་ཁྲིམས་འཛིན་ལག་ལེན་དེ་མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོ་དང་གཅིག་མཐུན་ཡོང་བར་སྐུལ་འདེད་ནན་མོ་གཏོང་བ། ཆུ་ཚད་མཐོ་བའི་བདེ་འཇགས་མཚོ་སྔོན་དང་ཁྲིམས་སྐྱོང་མཚོ་སྔོན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་འབད་པས་འབྲི་བར་ཁྲིམས་སྐྱོང་གི་ཁོར་ཡུག་བཟང་བོ་བསྐྲུན་རྒྱུ་ཡིན་ཞེས་བསྟན།