【ཚོགས་ཆེན་གཉིས་གནད་གླེང་།】ཆུ་སྔར་ལས་གཙང་ལ། རྩྭ་སྔར་ལས་སྔོ། བྱ་སྔར་ལས་མང་།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། ལོ་ཙཱ་བ། ཁོན་ཐར་འཚོ།

--མི་དང་རང་བྱུང་འཆམ་མཐུན་མཉམ་གནས་ཀྱི་རྨད་བྱུང་ལྗོངས་རིས་འགོད།

 མཚོ་མོ་ངང་ལག་རིང་པོའི་འགྲམ་དུ་བབས་པའི་དུས་བྱ། 

གཏམ་རྒྱུད་ཁྲོད་ཀྱི་མཚོ་སྔོན།
  ཉིན་འདི་དག་རིང་ལ།  མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ན་གོར་མོ་གྲོང་ཁྱེར་གདང་ལ་རི་བོ་གྲོང་རྡལ་དུ་ཡོད་པའི་མཚོ་མོ་ངང་ལག་རིང་བོའི་མཚོ་ངོས་སྔར་བཞིན་འཁྱགས་རོམ་མཐུག་པོ་ཞིག་གིས་བསྡམས་ཡོད་མོད།  དེས་འབྲི་ཆུའི་མགོ་ཁུངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ས་ཚིགས་སྒར·ཐུབ་བསྟན་བསྟན་པ་དང་དང་བླངས་པ་རྣམས་ཀྱིས་མཚོ་དེའི་འགྲམ་དུ་དུས་བྱ་སྐྱས་འཕེལ་གྱི་དུས་ཚིགས་བསླེབ་པའི་སྔ་རོལ་གྱི་གྲ་སྒྲིག་ལས་ཀར་བར་ཆད་ཅི་ཡང་བཟོ་ཐུབ་ཀྱི་མེད། 

   མཚོ་མོ་ངང་ལག་རིང་པོ་ནི་འབྲི་ཆུའི་མགོ་ཁུངས་ཀྱི་ཐོ་ཐོ་གཙང་བོའི་ནུབ་ནས་ལེ་དབར30མཚམས་སུ་ཡོད་ཅིང་། འབྲི་ཆུའི་མགོ་ཁུངས་ས་ཁུལ་གྱི་མཚོ་ཆུང་ཞིག་ཡིན་པ་དང་། མཚོ་མོའི་ཆུ་རྔ་ཐོ་ཐོ་གཙང་བོར་འབྲེལ་ནས་ཡོད་པས། སྨད་རྒྱུད་ཀྱི་ཡངས་པའི་རྩྭ་ཐང་དང་རི་དྭགས་མང་པོ་འཕེལ་ས་ཡིན་ལ།  འཛམ་གླིང་ཡོངས་ཀྱི་ཁྲུང་ཁྲུང་སྐྱེས་འཕེལ་བྱེད་སའི་གནས་གལ་ཆེན་ཞིག་ཀྱང་རེད།  ཟླ་གཅིག་ལྷག་གི་རྗེས་སུ།  ཁྲུང་ཁྲུང་ཁྲི་སྟོང་མང་པོ་གནས་འདིར་འབབ་སྲིད་པས།  ང་ཚོས་དེ་དག་མ་བསླེབ་སྔོན་ལ་ཡང་བསྐྱར་ལྟ་ཞིབ་ཚད་ལེན་གྱི་སྒྲིག་ཆས་བཀོད་སྒྲིག་དང་ཚོད་ལྟ་སོགས་བྱས་ཏེ།   རྒྱང་རིང་ན་ཕེབས་བཞིན་པའི་མགྲོན་པོ་དེ་དག་བློ་བདེ་བག་ཕེབས་ངང་ནས་གནས་འདིར་གནས་བཅོས་ཏེ་མཚར་ལོངས་འབྱུང་ཐུབ་པ་ཞིག་བྱ་དགོས་ཟེར།

2012ལོར། ཐུབ་བསྟན་བསྟན་པ་མཚོ་མོ་ངང་ལག་རིང་པོའི་རི་སྐྱེས་སྲོག་ཆགས་ལྟ་ཞིབ་ཚད་ལེན་ས་ཚིགས་ཀྱི་ཁྲུང་ཁྲུང་སྲུང་སྐྱོབ་ཀྱི་འགུལ་སྐྱོད་ནང་ཞུགས།  ལོ་དེར་ཕ་ཡུལ་གཅིག་པའི་བོད་པ་ཞིག་གིས་ང་ལ།  “འདི་གས‘ཁྲུང་ཁྲུང’ལ་སྲུང་སྐྱོབ་བྱེད་དམ། ངེད་ཚང་གི་རྩྭ་རའི་ཉེ་འཁོར་གྱི་མཚོ་ནང་དུ་ལོ་རེར་ཁྲུང་ཁྲུང་འཕུར་ཡོང་ནས་སྒོ་ང་གཏོང་ཞིང་། སྒོ་ང་མང་པོ་མིས་འཁྱེར་འགྲོ་བ་རེད།   ཁྱེད་ཚོས་དེར་བདག་བྱེད་དམ་ཞེས་དྲིས་བྱུང་། རྒད་པོའི་བཤད་པའི་ཁྲུང་ཁྲུང་ནི་ཁྲུང་ཁྲུང་མགོ་ཁྲ་ལ་ཟེར་བ་རེད།

2012ལོར་ང་ཚོའི་ཐོག་དང་པོར་བསྡོམས་རྩིས་རྒྱག་དུས། མཚོ་མོ་ངང་ལག་རིང་པོའི་ཁྲུང་ཁྲུང་ཆེས་མང་དུས1270ཡོད་ཅིང་། བརྐུས་ཟིན་པའི་སྒོ་ང2000ལས་བརྒལ།  སྐབས་དེར་ས་འདིར་དུས་བྱ་རིགས་གཞན་ཧ་ཅང་ཉུང་།  ཞེས་ཁ་པར་གྱི་ཕར་ཕྱོགས་ནས་དེ་ལྟར་བཤད་ཡོང་དུས།  ཐུབ་བསྟན་བསྟན་པའི་སྐད་མགོ་ཇེ་དམའ་རུ་གྱུར།   “ང་དང་དང་བླངས་པ་གཞན་དག་གིས་དོན་དག་འདི་ཐོག་མར་བསྒྲུབ་པའི་ཀུན་སློང་ནི།  ང་ཚོ་སུ་ལ་མཚོན་ན་འབྲི་ཆུའི་མགོ་ཁུངས་ཀྱི་ས་ཁུལ་འདི་ནི་ཁྲུང་ཁྲུང་སྐྱེས་འཕེལ་བྱེད་སའི་བསྟི་གནས་གལ་ཆེན་ཞིག་ཡིན་པ་མ་ཟད།   མཚོ་མོ་ངང་ལག་རིང་པོ་ནི་འབྲི་ཆུ་མགོ་ཁུངས་ས་ཁུལ་དུ་ཁྲུང་ཁྲུང་མང་པོ་འཁོར་ས་ཞིག་ཡིན་པས།  འབྲི་ཆུ་ལ་སྲུང་སྐྱོབ་ལེགས་པོ་དང་། ཆུ་བོའི་མགོ་ཁུངས་ལ་སྲུང་སྐྱོབ་ལེགས་པོ་བྱས་ན། ད་གཟོད་ཆུ་བོ་སྨད་རྒྱུད་ཀྱི་ཚེ་སྲོག་ཁྲི་སྟོང་མང་པོ་ལ་སྲུང་སྐྱོབ་བྱ་ཐུབ་སྙམ་པ་དེ་ཡིན་ཟེར། ”  
  དང་ཐོག་གི་ལོ་འགའི་ཟླ4བ་ནས6པ་ནི་ཐུབ་བསྟན་བསྟན་པས་འདབ་ཆགས་ལ་ཆ་རྒྱུས་ཡོད་པའི་ཆེད་ལས་དང་བླངས་པ་ཞིག་ཁྲིད་དེ།   མཚོ་འགྲམ་དུ་གུར་ཕུག་ཅིང་།   གཉིད་ཁུག་ཉལ།   ཨོང་བས་མེ་གསོས།   ཉིན་རེར་ཁོ་ཚོས་རྒྱང་མཐོང་ལ་བཅར་ནས་ཁྲུང་ཁྲུང་མགོ་ཁྲ་ཡི་འགུལ་སྐྱོད་ལ་ལྟ་ཞིབ་ཚད་ལེན་བྱས་པ་མ་ཟད། ས་མཚམས་དང་ཚོ་ཆུང་བགོས་ཏེ་སྒོ་ང་རྐུ་མཁན་ལ་ལྟ་རྟོག་ཞིབ་བཤེར་བྱས་པ་དང་།  འདབ་ཆགས་ཀྱི་རིགས་དང་གྲངས་འབོར་ལ་ཟིན་ཐོ་ནན་ཏན་བཏབས།  ཟླ6པའི་ཟླ་དཀྱིལ་དུ།  ཁྲུང་ཁྲུང་མགོ་ཁྲ་ཡི་སྒོ་ང་ལས་བྱེའུ་མགོ་གྲོག་གྲོག་བུད་རྗེས།  ཁོ་ཚོ་ད་གཟོད་ཕྱིར་འཐེན་བྱས་པ་རེད།

2018ལོར་སྲིད་གཞུང་གི་མ་དངུལ་རོགས་སྐྱོར་འོག  འཕྲུལ་སྒམ་དཀར་བོ་འགའ་མཚོ་མོ་ངང་ལག་རིང་པོའི་མཚོ་འགྲམ་དུ་བསྐྱལ་ནས་ཁྲུང་ཁྲུང་མགོ་ཁྲ་སྲུང་སྐྱོབ་ས་ཚིགས་དང་དེ་གའི་སྲུང་སྐྱོབ་པའི་སྡོད་ཁང་དུ་གྱུར།   དུས་དེ་ནས་བཟུང་ཁོ་ཚོས་ཡུན་རིང་ཞིག་ལ་གནས་འདི་སྲུང་བ་རེད།

ད་ཆ། ལོ་རེའི་ཟླ3པའི་ཟླ་དཀྱིལ་ནས་ཟླ11པའི་བར་དུ།  ཐུབ་བསྟན་བསྟན་པས་དང་བླངས་པ་རྣམས་ཀྱི་སྣེ་ཁྲིད་དེ།  མཚོ་དེའི་མཚོ་སྙིང་དང་མཚོ་མཐའ་རུ་ཆེད་ལས་ཀྱི་སྤྲིན་རྩིས་པར་ཆས་འདུ་བའི་ཚན་རིག་གི་སྒྲིག་ཆས་མང་པོ་ཞིག་བཙུགས་ནས་རྒྱང་རིང་བོ་ནས་ཁྲུང་ཁྲུང་དེ་དག་གི་གྲངས་འབོར་དང་འགུལ་སྐྱོད་ཁྱབ་ཁོངས་ལ་ཕྱོགས་ཡོངས་ནས་ལྟ་ཞིབ་ཚད་ལེན་བྱས་པ་དང་།  དུས་ཐོག་ཏུ་སྒོ་ང་འཐུ་བ་དང་།  རྔོན་ལས་རྒྱག་མཁན་ལ་སོགས་པའི་བྱ་སྤྱོད་བཀག་འགོག་བྱས།     ཁོ་ཚོས་ད་དུང་དུས་བཅད་ལྟར་སྐོར་ཞིབ་བྱས་ཏེ།  འབྲེལ་ཡོད་སྡེ་ཚན་དང་མཉམ་འབྲེལ་བྱས་ཏེ་རྨས་ཕོག་པའི་ཁྲུང་ཁྲུང་དུས་ཐོག་ཏུ་བསྐྱབས་པ་དང་། དུས་བྱ་འཁོར་སའི་གནས་དེའི་བདེ་འཇགས་ལ་བག་ཡངས་པའི་ཁོར་ཡུག་ལེགས་པོ་ཞིག་བསྐྲུན།

ད་ལྟ་ས་དེའི་འབྲོག་པ་ཚོ་གཅིག་རྗེས་གཉིས་འཕྲོར་ལྟ་སྲུང་དཔུང་སྡེར་ཞུགས་ཤིང་།   ངང་ལག་རིའི་འབྲོག་པའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཚོགས་ཆུང་བཙུགས་ཏེ།   ཁྲུང་ཁྲུང་ཁོ་ནར་སྲུང་སྐྱོབ་བྱེད་པ་ནས་རིམ་གྱིས་འཕེལ་ནས་འབྲི་ཆུའི་མགོ་ཁུངས་ཡོངས་ཀྱི་རི་སྐྱེས་སྲོག་ཆགས་ལ་སྲུང་སྐྱོབ་བྱེད་པ་རེད།

ཆུ་མགོ་ནས་ལོ་ངོ་བཅུ་ཕྲག་ལ་ཕྱག་ལས་གནང་བའི་སྐྱེ་ཁམས་ལྟ་སྲུང་བ་ཞིག་དང་།  ས་གནས་དེའི་ས་སྐྱེས་རྡོ་སྐྱེས་ཀྱི་འབྲོག་པ་ཞིག་ཡིན་པའི་ཆ་ནས། ཐུབ་བསྟན་བསྟན་པས་མཚོ་སྔོན་གྱི“སྐྱེ་ཁམས་སྔོན་སྤེལ”གྱི་འཐབ་ཇུས་དེ་འབྲི་ཆུའི་མགོ་ཁུངས་སུ་རྩ་བ་ཚུགས་ཤིང་ཡལ་ག་རྒྱས་པའི་སྐབས་རེ་རེ་མིག་མཐོང་ལག་ཟིན་དུ་གྱུར་ཡོད། 

མཚོ་མོ་ངང་ལག་རིང་མོ་ནི་འབྲི་ཆུའི་མགོ་ཁུངས་ཀྱི་ཆུ་གསོ་ས་ཞིག་ཡིན་ཞིང་།  ཆུ་སྤུས་བཟང་ངན་གྱིས་སྨད་རྒྱུད་ཀྱི་ཐོ་ཐོ་གཙང་བོ་ནས་འབྲི་ཆུ་འབབ་རྒྱུད་ཀྱི་སྐྱེ་ཁམས་བདེ་འཇགས་ལ་ཐད་ཀར་ཤུགས་རྐྱེན་ཐེབས་ཀྱི་ཡོད། ད་ལྟ་སྲིད་གཞུང་གིས་ས་འདིར་གཏན་འཇགས་ཀྱི་ལྟ་ཞིབ་ཚད་ལེན་ས་ཚིགས་ཤིག་བཀོད་སྒྲིག་བྱས་ཡོད་པ་དང་།  ཟླ་རེར་ཆུ་ཡི་མ་དཔེ་དུས་བཅད་ལྟར་བླངས་ནས་དམིགས་ཚད་སྣ་བཅུ་ཕྲག་ལྷག་ལ་ལྟ་ཞིབ་ཚད་ལེན་བྱེད་ཀྱི་ཡོད།  མཚོ་དེའི་ཉེ་འཁོར་གྱི་རྩྭ་ཐང་ཡང་སྲིད་གཞུང་གི་སླར་གསོ་ལས་གཞི་ཁྲོད་ནས་རིམ་གྱིས་སླར་གསོ་བྱས་གསོན་ཤུགས་ཀྱིས་ཁེངས་ཡོད་པས།  དུས་བྱ་འཁོར་ཡུལ་བརྟན་པོ་རུ་གྱུར་ཡོད་ཅེས་ཐུབ་བསྟན་བསྟན་པས་དེ་ལྟར་བཤད།

ཐུབ་བསྟན་བསྟན་པས(གཡོན་གྱི་དང་པོ)དང་བླངས་པ་རྣམས་ཀྱི་སྣེ་ཁྲིད་དེ། མཚོ་མོ་ངང་ལག་རིང་མོའི་མཚོ་སྙིང་དང་མཚོ་མཐའ་རུ་ཡང་བསྐྱར་ལྟ་ཞིབ་ཚད་ལེན་གྱི་སྒྲིག་ཆས་བསྒྲིགས།

ཐུབ་བསྟན་བསྟན་པ་དང་དང་བླངས་པ་རྣམས་ཀྱིས་ལྟ་ཞིབ་ཚད་ལེན་བྱས་པའི་གཞི་གྲངས་ལྟར་ན། ད་ལྟ་མཚོ་ངང་ལག་རིང་མོར་འབབ་པའི་ཁྲུང་ཁྲུང་གི་གྲངས་ཀ་དེ2012ལོའི1270ལྷག་ནས7000ལྷག་ལ་བསླེབས་ནས་ལྡབ་ལྔ་ལ་ཉེ་བ་འཕར།   ཁྲུང་ཁྲུང་ལས་གཞན་དམར་ཕྱིའི་པར་ཆས་ནང་ད་དུང་ཁྲུང་ཁྲུང་སྐེ་ནག་དང་།   ཁྲ་དམར་ལ་སོགས་འདབ་ཆགས་རིགས་མང་པོ་ཞིག་གི་གཟུགས་བརྙན་ཡང་མཐོང་ཐུབ།   ལོ་རེར་མཚོ་ངང་ལག་རིང་མོའི་འགྲམ་དུ་འཕུར་འོང་བའི་དུས་བྱའི་རིགས20ལ་བསླེབས་ཀྱི་ཡོད་ཅིང་།  དུས་བྱའི་སྤྱིའི་གྲངས་འབོར་ཁྲི2ལས་བརྒལ་ཡོད།  ཐ་ན་མཐོ་སྒང་དུ་ཟིན་ཐོར་བཀོད་མེད་པའི་ཚ་ཁུལ་གྱི་འདབ་ཆགས་གསར་པ་རིགས་ཀྱང་གནས་འདིར་མཐོང་ཐུབ་ཀྱི་ཡོད་ཅེས་བཀོད་འདུག།

མཚོ་ཆེ་ཆུང་གིས་དུས་བྱའི་གྲངས་འབོར་ལ་ཐག་གཅོད་བྱེད་མི་ཐུབ་རུང་། སྐྱེ་ཁམས་ཀྱིས་ཐག་གཅོད་བྱེད་ཐུབ་ཅེས་ཐུབ་བསྟན་བསྟན་པས་དེ་ལྟར་བཤད།  དུས་བྱ་འདི་དག་འཁོར་ཡོང་ན།   ད་གཟོད་མཚོ་མོ་ངང་ལག་རིང་པོའི་སྐྱེ་ཁམས་ལེགས་ཕྱོགས་སུ་འཕེལ་བར་ཁས་ལེན་ཐོབ་པ་ཡིན།  མཚོ་འདི་ལ་བརྟེན་པའི་གཞིས་ཁྱིམ་དག་ཀྱང་སྐྱེས་སྟོབས་ཀྱིས་དཔལ་ལ་འགྲན་པའི་སྒང་རེད།

ད་ལྟ་འབྲི་ཆུའི་མགོ་ཁུངས་མཚོ་མོ་ངང་ལག་རིང་པོའི་རི་སྐྱེས་སྲོག་ཆགས་ལྟ་ཞིབ་ཚད་ལེན་ས་ཚིགས12བཙུགས་ཡོད་ཅིང་།  ཐུབ་བསྟན་བསྟན་པས་དང་བླངས་པ་རྣམས་ཀྱི་སྣེ་ཁྲིད་དེ།  དུས་བྱ་སྲུང་སྐྱོབ་བྱེད་པ་མ་ཟད། ད་དུང་མཚོ་བོད་གཞུང་ལམ་དང་ཁྲོན་བོད་གཞུང་ལམ་སྟེང་གི་གད་སྙིགས་ཕྱིར་བསྡུ་དང་། འབྲི་ཆུའི་མགོ་ཁུངས་ཀྱི་འཁྱགས་རོམ་ཞུ་བར་ལྟ་ཞིབ་ཚད་ལེན་ལ་སོགས་ཀྱི་ལས་སྒྲུབ་བཞིན་ཡོད།   འབྲི་ཆུའི་ཆུ་མགོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ས་ཚིགས་ཀྱིས“གད་སྙིགས་བཟའ་ཆས་ལ་བརྗེ་བའི”བྱེད་སྒོ་སྤེལ་ཏེ། འབྲོག་པ་མང་ཚོགས་རྣམས་མ་སྐུལ་རང་རྟོགས་ཀྱིས་གད་སྙིགས་བསྡུ་བའི་ལས་སུ་ཞུགས་པར་སྐུལ་སློང་བྱས།

“མཚོ་མོ་ངང་ལག་རིང་པོར་སྲུང་སྐྱོབ་ལེགས་པོ་བྱས་ན། ད་གཟོད་འབྲི་ཆུ་མགོ་ཁུངས་ལ་སྲུང་སྐྱོབ་དང་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་ལ་སྲུང་སྐྱོབ་ལེགས་པོ་བྱས་པ་ཡིན།”ཞེས་ཐུབ་བསྟན་བསྟན་པས་དེ་ལྟར་བཤད།  ཁོ་དང་དེ་ལས་མི་མང་པོ་ཞིག་གིས་མཉམ་དུ་ཆུ་མགོ་སྲུང་སྐྱོབ་དང་དུས་བྱ་སྲུང་སྐྱོབ་བྱས་པས།   འབྲི་ཆུའི་མགོ་ཁུངས་ཀྱི་ཆུ་སྔར་ལས་དྭངས་ལ།  རྩི་ཤིང་སྔར་ལས་སྔོ།  འདབ་ཆགས་སྔར་ལས་མང་པོར་ཕྱིན་ནས་ཆུ་བོ་སྨད་རྒྱུད་ཀྱི་རྩྭ་ཐང་དང་ཚེ་སྲོག་སྟོང་ཕྲག་མང་པོར་སྟོབས་ཤུགས་བསྩལ་བཞིན་ཡོད།

དབྱར་གཞུང་གི་མཚོ་མོ་ངང་ལག་རིང་མོ།

སྲིད་ཇུས་འབྲེལ་བརྗོད།

འབྲི་ཆུ་དང་རྨ་ཆུ་རྫ་ཆུ་གསུམ་གྱི་མགོ་ཁུངས་ཡིན་པའི་མཚོ་སྔོན་གྱིས་ཞིང་ཆེན་གྱི“ཆེས་ཤོས་གསུམ”གྱི་གནས་ཐིག་ལ་གཞི་བཙུགས་ཏེ། “ཀྲུང་ཧྭའི་ཆུ་མཛོད”སྲུང་སྐྱོབ་དང་།  རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བརྟན་པོ་གཟུག་པའི་འགན་འཁྲི་ཡིད་ལ་དམ་པོར་བཅངས་ཡོད།  “ལོ་ལྔའི་འཆར་འགོད་བཅུ་བཞི་བའི”སྐབས་སུ་མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་བྱུང་ཡོད།  “རིམ་པ་བཞི་བའི་རིགས་གསུམ་པ”རྒྱལ་ཁོངས་བར་སྟོང་གི་འཆར་འགོད་མ་ལག་གཞི་རྩའི་ཐོག་བཙུགས་པ་དང་།  རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྱོང་གི་ལས་ཀར་སྐུལ་འདེད་ཏན་ཏིག་བྱས། “གནམ་དང་བར་སྣང་། ས་གཞི”གཞི་གཅིག་ཅན་གྱི་ལྟ་ཞིབ་ཚད་ལེན་དྲ་རྒྱ་ཚགས་དམ་པོ་བཟོས་ཏེ། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་ལ་ཕན་འབྲས་མངོན་གསལ་ཐོབ།   འདམ་རའི་རྒྱ་ཁྱོན་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་བརྟན་པོས་ཟིན་ཡོད་ལ།   བྱེ་འགྱུར་ཅན་དང་ས་ཆུ་ཤོར་བའི་རྒྱ་ཁྱོན་དང་ཤུགས་ཀྱི་ཆེ་ཚད“ཟུང་ནང་དུ་བསྡམས”“ཟུང་མར་ཆག་པ”དང་།   ཚད་གཞི་མཐོ་ཤོས་ཀྱི་བདེ་སྐྱིད་ཆུ་བོ་དང་མཚོ་བོ་བསྐྲུན་ནས་ཧ་ལམ་ལོ་རེར་སྨད་རྒྱུད་དུ་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར800བསྐྱལ་བཞིན་ཡོད་པས། རྒྱལ་ཡོངས་སུ་བསྟུད་མུར་ལོ་ལྔའི་ནང་དུ་ས་ངོས་ཀྱི་ཆུ་རྒྱལ་ཁབ་ཀྱི་དཔྱད་ཞིབ་ཚད་ལེན་བྱས་པའི་བཅད་ངོས་ཆུ་སྤུས་ལེགས་ཚད100%ལ་ཟིན་པའི་ཞིང་ཆེན་དུ་གྱུར། “ཀྲུང་ཧྭའི་ཆུ་མཛོད”སྔར་ལས་སྲ་ཞིང་བརྟན་ལ་བཅུད་ཀྱིས་ཕྱུག་པ་སོགས་སྐྱེ་ཁམས་ལྟ་ན་སྡུག་ཅིང་། ཐོན་སྐྱེད་ཟླ་ལྟར་འཕེལ་བ།  འཚོ་བ་མཚོ་བཞིན་རྒྱས་པའི་རིས་ལྗོངས་རྨད་དུ་བྱུང་བ་ཞིག་མཚོ་བོད་མཐོ་སྒང་གི་གཞི་རུ་ཡན་གྱིས་ཕྱེས་བྱུང་།

“ལོ་ལྔའི་འཆར་འགོད་བཅོ་ལྔ་བའི”དུས་སྐབས་སུ། མཚོ་སྔོན་གྱིས་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པའི་དམིགས་འབེན་རླབས་ཆེན་ཞིག་བཙུགས་པ་དང་།  《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་བཅའ་ཁྲིམས》ལ་སོགས་བཅའ་ཁྲིམས་ཁྲིམས་སྲོལ་ཕྱོགས་ཡོངས་ནས་ལག་བསྟར་བྱས།  ཆུ་གསུམ་མགོ་ཁུངས་ཏེ“ཀྲུང་ཧྭའི་ཆུ་མཛོད”སྲུང་སྐྱོབ་རྒྱབ་སྐྱོར་མ་ལག་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་བ་དང་། རྒྱལ་ཁབ་ཀྱི་མཚོན་བྱེད་རང་བཞིན་དང་འཛམ་གླིང་ན་སྙན་གྲགས་ཆེན་བའི་རང་བྱུང་སྲུང་སྐྱོབ་བྱ་ཡུལ་གྱི་དཔེ་མཚོན་ནུས་ཤུགས་ཡོད་རྒུས་བཏོད།  ཚད་གཞི་མཐོ་བའི་སྒོ་ནས“བྱང་གསུམ”གྱི་ལས་གཞིའི་དུས་སྐབས་དྲུག་པའི་འཆར་འགོད་འོས་འགན་ལེགས་པར་གྲུབ།  སྐྱེ་ཁམས་མ་ལག་གི་སྣ་མང་རང་བཞིན་དང་། གཏན་འཇགས་རང་བཞིན། རྒྱུན་མཐུད་རང་བཞིན་མཐོར་འདེགས་ལ་ཤུགས་བརྒྱབ།  ནུས་ཁུངས་གསར་བའི་མ་ལག་ཐོག་མར་བཙུགས་ཏེ་དུས་ལྟར་དུ་ཐཱན་རྩེར་སོན་གྱི་དམིགས་འབེན་མངོན་འགྱུར་བྱས།  ལྗང་མདོག་ཐོན་སྐྱེད་ཀྱི་འཚོ་བ་སྐྱེལ་སྟངས་གཞི་རྩ་ཆ་ནས་གྲུབ་པ་སོགས་བཀོད་སྒྲིག་རབ་དང་རིམ་པ་ཞིག་གིས་སྐྱེ་ཁམས་སྔོན་སྤེལ་དང་། ལྗང་མདོག་འཕེལ་རྒྱས་ཀྱི་འཐབ་ཇུས་ངེས་ཤུགས་མཚོན་པས།   མཛེས་པའི་མཚོ་སྔོན་འཛུགས་སྐྲུན་ལ་འཆར་འགོད་གསལ་བོ་བཟོས།

རྨ་འབྲི་རྫ་གསུམ་ནས་དལ་གྱིས་འབབ་པའི་ཆུ་ཕྲན་ནས་མདོ་ལ་རི་བོའི་གཡུ་ལོ་ཐགས་སུ་བཀྲ་བའི་ནགས་ཚལ་བར་དུ། མཚོ་སྔོན་གྱིས་དུས་དང་རྣམ་པ་ཀུན་ཏུ་སྐྱེ་ཁམས་སྔོན་སྤེལ་དང་། ལྗང་མདོག་འཕེལ་རྒྱས་རྒྱུན་འཁྱོངས་བྱས་ཏེ།   དངོས་སྒྲུབ་ཀྱི་འགན་འཁྲི་ཕྲག་ཏུ་ཁུར་ཞིང་། ཁྱིམ་གཞིས་བརྟན་སྲུང་ལ་གཡོལ་བ་མེད་པའི་སྒོ་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་མུ་མཐུད་ནས་སྲ་བརྟན་དུ་བཏང་སྟེ།   སྐྱེ་ཁམས་ལྟ་ན་སྡུག་ཅིང་། ཐོན་སྐྱེད་ཟླ་ལྟར་འཕེལ་བ།  འཚོ་བ་མཚོ་བཞིན་རྒྱས་པའི་རྨད་བྱུང་རིས་ལྗོངས་ཤིག་མཐོ་སྒང་ནས་ཡན་གྱིས་བཤམ་ངེས།

རྩོམ་སྒྲིག་པ། : ཁོན་ཐར་འཚོ།