མཚོ་སྔོན་གྱིས“ས་ཁོངས་བརྒལ་བའི་དཔལ་འབྱོར”གསར་གཏོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

 

ཉེ་ལམ་མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས《མཚོ་སྔོན་གྱི་ཁ་གཏད་རོགས་སྐྱོར་ལམ་ལུགས་ལ་བརྟེན་ནས“ས་ཁོངས་བརྒལ་བའི་དཔལ་འབྱོར”འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱ་བའི་ཇུས་གཞི》ཞེས་པ་བཏོན་ནས། 2027ལོར་ཕྱོགས་བསྡུས་རང་བཞིན་དང་ཆེད་ལས་རང་བཞིན་གྱི“ས་ཁོངས་བརྒལ་བའི”སྤྱི་སྟེགས་གཅིག་དང་གཉིས་འཛུགས་དགོས་པ་དང་། 2035ལོར་ཐོན་རྗེས་བསྐྱར་བཀོད་དང་ཁྱབ་སྤེལ་བྱས་ཆོག་པའི་མཉམ་ལས་ཀྱི་རྣམ་པ་གྲུབ་པར་བྱས་ཏེ། ཕྱོགས་རྐྱང་རོགས་སྐྱོར་ཕྱོགས་གཉིས་ཟབ་ཞུགས་དང་གཏིང་ཟབ་མཉམ་ལས་ལ་བསྒྱུར་བར་སྐུལ་འདེད་བཏང་ནས། གཉིས་ཕན་གཉིས་རྒྱལ་གྱི་རྣམ་པ་བསྐྲུན་དགོས་པ་གསལ་བོར་བཏོན་ཡོད།

《ཇུས་གཞི》ལས་བསྟན་དོན། ཞིང་ཆེན་རོགས་སྐྱོར་མཉམ་ལས་གཞུང་སྒྲུབ་ཁང་གིས(ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང)ཞིང་ཆེན་དང་གྲོང་ཁྱེར་དྲུག་གི་མཚོ་སྔོན་རོགས་སྐྱོར་བཀོད་འདོམས་པུའུ(བྱ་བའི་ཚན་ཆུང)དང་གྲོས་སྡུར་བྱས་ཏེ། “ས་ཁོངས་བརྒལ་བའི་དཔལ་འབྱོར”དེ་ཞིང་ཆེན་ཡོངས་ཀྱི་ལོ་ལྔའི་འཆར་འགོད་བཅོ་ལྔ་བའི་མཚོ་སྔོན་རོགས་སྐྱོར་བྱ་བའི་ཇུས་གཞིའི་ཁྲོད་བཅུག་པ་དང་། “ཐོན་ལས་ཀྱི་ས་ཁོངས་མཉམ་འབྲེལ”དང“ཚན་རྩལ་གྱི་ས་ཁོངས་མཉམ་འབྲེལ།” “གཞི་གྲངས་ཀྱི་ས་ཁོངས་མཉམ་འབྲེལ”སོགས་རྣམ་པ་མང་བོ་འཚོལ་ཞིབ་བྱས། འཆར་འགོད་ཀྱི་སྣེ་ཁྲིད་དང་ལོ་རེའི་ཇུས་འགོད། ལས་གཞིའི་གསོར་ཉར། ཚོགས་སྒྲིག་ཚོང་འགུག་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས། མཚོ་སྔོན་རོགས་སྐྱོར་གྱི་ཞིང་ཆེན་དང་གྲོང་ཁྱེར་གྱི་གླིང་ཁུལ་མཉམ་སྐྲུན་དང་ཚོང་འགུག་འོས་སྦྱོར། འཇོན་མི་དང་རིག་ནུས་ནང་འགུག་སོགས་ཀྱི་ཕྱོགས་ནས་གཏིང་ཟབ་མཉམ་ལས་བྱས།

《ཇུས་གཞི》ལས་གསལ་བོར་བསྟན་དོན། “མཉམ་ལས་མཉམ་སྐྲུན་དང་འགན་འཁྲི་མཉམ་འཁུར། ཁེ་ཕན་མཉམ་སྤྱོད། གཉིས་ཕན་གཉིས་རྒྱལ”གྱི་རྩ་དོན་ལྟར། “ས་ཁོངས་བརྒལ་བའི”ལས་གཞིའི་གཏན་འཇགས་རྒྱུ་ནོར་གྱི་དངུལ་གཏོང་དང་ཐོན་ལས་རིན་ཐང་། ཁྲལ་བསྡུ་སོགས་སྟོན་གྲངས་ལ་དབྱེ་བགོད་བྱས། སྟོན་གྲངས་ཀྱི་སྤྱི་སྡོམ་ལྔ་བསྡུར་ལྔ་ཡི་སྡུར་ཚད་ལྟར་མཉམ་སྤྱོད་བྱས་ཏེ། ཁྲལ་བསྡུའི་དབྱེ་བགོད་དེ“འཕེལ་རྒྱས་གཏོང་ཡུལ་གྱི་ས་ཁུལ”དང“འཕེལ་རྒྱས་ཅན་གྱི་ས་ཁུལ”གྱིས་གྲོས་བསྡུར་བྱས་ཏེ་གཏན་འབེབས་བྱས་པ་དང་། མཚོ་སྔོན་རོགས་སྐྱོར་གྱི་ཞིང་ཆེན་དང་གྲོང་ཁྱེར་གྱིས་ཁག་བགོས་བྱས་པའི་ཚན་པ་རོགས་སྐྱོར་བྱེད་ཡུལ་ས་ཁུལ་གྱི་འཕེལ་རྒྱས་ཀྱི་ཕྱོགས་ལ་གཏོང་བར་སྐུལ་འདེད་བཏང་། དེ་དང་མཉམ་དུ། “གཅིག་ཅན་དྲུག”གི་སྐུལ་འདེད་ལམ་ལུགས་བཙུགས་ནས། གནད་འགག་འགན་སྲུང་ཆེར་སྐྱེད་དང་ཁེ་ལས་ཀྱི་ཞབས་ཞུ་ལེགས་སྒྱུར། ལས་གཞི་དོན་འཁྱོལ་དང་ཕན་འབྲས་ཐོན་པར་ཁག་ཐེག་བྱས།

སྲིད་ཇུས་ཀྱི་སྐུལ་འདེད་འོག  མཚོ་སྔོན་གྱིས་ཧུར་ཐག་གིས་འཚོལ་ཞིབ་བྱས་ཏེ། དཔྱད་གཞིར་བཟུང་ཆོག་པའི་དཔེ་གཞི་སྐོར་ཞིག་རིམ་བསགས་བྱས་ཡོད། ཟི་ལིང་གྲོང་ཁྱེར་དང་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱིས་པེ་ཅིང་གྲོང་ཁྱེར་དང་མཉམ་འབྲེལ་གྱིས“པེ་ཅིང་གི་གཞི་གྲངས་མཚོ་སྔོན་གྱིས་རྩིས་ལེན་བྱེད་པའི”ཐོན་ལས་འཕེལ་རྒྱས་ཀྱི་ཁེ་ལས་མནའ་འབྲེལ་བཙུགས་ཏེ། གཞི་གྲངས་དཔལ་འབྱོར་གྱི་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་བཏང་། མཚོ་ཤར་གྲོང་ཁྱེར་དང་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱིས་ཧྲང་ཧེ་གྲོང་ཁྱེར་དང་མཉམ་འབྲེལ་གྱིས་ཧྥེང་ཞེན་ཁུལ་ནས“མཚོ་སྔོན་མགོ་ལོག་དང་མཚོ་ཤར་གྱི་ལྗང་མདོག་ཐཱན་ཉུང་ཐོན་ལས་ཀྱི་ཟུར་གསུམ་ཚོང་འགུག་ཞབས་ཞུ་ལྟེ་གནས”བཙུགས་ཏེ། མངའ་ཁོངས་བརྒལ་བའི་ཚོང་འགུག་མཉམ་འབྲེལ་མངོན་འགྱུར་བྱས། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱིས“ས་ཁོངས་བརྒལ་བའི་དཔལ་འབྱོར”གྱི་ཆེད་དོན་བྱེད་ཐབས་བཏོན་ཏེ། ཐེམ་ཆེན་རྫོང་གིས་ཧྲི་མོའུ་སིན་སོགས་ཀྱི་རྒྱུ་ཆ་གསར་བ་ནང་འདྲེན་གྱི་ལས་གཞི་གོར་མོ་རུ་དོན་འཁྱོལ་བྱས་ཏེ། མ་དངུལ་སྒོར་ཐེར་འབུམ་གསུམ་བརྒལ་བའི་གན་རྒྱ་བཞག  མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱིས་ཀན་སུའུ་ཀྲང་ཡེ་དང་མིན་ལི་ཡི་གཟན་རྩྭའི་ཐོན་ཁུངས་གླ་ཉོ་བྱས་ཏེ། “ས་ཁོངས་བརྒལ་ནས”ལུག་འབུམ་གཉིས་ཁྲི་གཅིག་སྟོང་གཉིས་བརྒྱ་ལྷག་གསོ་སྤེལ་བྱས་ཡོད། 

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།